དྲན་སྣང་གི་སྟོན་མཇུག།

        2023-08-18

དོ་ཞག་ནམ་ཟླའི་ཙག་རླུང་རྒོད་དྲགས་པས། །

མི་སེམས་རླུང་གི་དར་ལྕོག་གཡོ་ནས་ཟེགས། །

སྣང་བའི་ཡོ་ལང་འཁྲུག་ནས་འདར་ཞིང་སྔངས། །

གདོང་ལ་མིག་ཆུ་བཏབ་པའི་ལན་ཆགས་ལྕི། །

སྨུག་པ་རི་ལུང་རྒྱུ་བའི་སྲིད་པའི་ཁམས། །

ལས་ཀྱི་ཕྱིར་མིག་འདི་ཡང་རྒྱང་ལ་བསྲིངས། །

དོ་ནུབ་ཟླ་བ་ཁེར་རྐྱང་སེམས་སུ་ལྷུང་། །

སེམས་ཀྱི་ཏིང་འཛིན་དཀྲོག་པའི་རི་དྭགས་མིག །

ཡིད་གཞུང་གཙང་པོའི་ངོགས་སུ་འཛུམ་ཁ་གྲོལ། །

སྙིང་རུས་པད་མའི་ཚལ་གྱི་མདངས་མཛེས་པ། །

ཆ་བྱད་དཀར་དམར་འཁྱུད་པའི་མཆུ་སྒྲོས་དེ། །

འཚོ་བའི་བྲང་གཞུང་ཁུད་ན་རྟག་ཏུ་འཛུམ། །

བདག་གི་ནམ་མཁའི་ངོས་ཀྱི་འཆར་སྣང་འདི། །

མཚན་ཞག་རྨི་ལམ་བརྒལ་བའི་རྟ་ཁྱུ་ཡིན། །

སྤྲིན་པ་ལྷོ་ལམ་ཞོགས་པའི་ངང་ཚུལ་དེ། །

དྲན་པའི་ལྟེང་ཀ་ཞུགས་ནས་ལྡིང་སྐོར་རྒྱག །

ལན་གཅིག་སྙིང་ལ་སིམ་པའི་ཡིད་ཀྱི་ངོར། །

སྐྱེ་བ་ཚེ་རབས་སྟོང་གི་སྙིང་ཚིལ་ཡིན ། །

༼ ཇེང་། ༽

  • ལེ་ཚན་སྔོན་མ།:སྣང་བའི་རོལ་རྩེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།