ང་ཡི་ཕ་ཡུལ།

        2023-08-23

ཕ་ཡུལ་ལ་སྔོ་ཞིང་ཡངས་པའི་ནམ་མཁའ་ཡོད་ལ་དྭངས་ཤིང་གཙང་བའི་སྤྲིན་དཀར་ཡོད། བརྗིད་ཀྱང་རྔམ་པའི་རི་བོ་ཡོད་ལ་མཐའ་ཡས་པའི་རྩྭ་ཐང་ཡོད། ད་དུང་ཉི་འོད་དྲོད་མོ་དང་རླུང་བུ་འཇམ་པོ་ཡོད། ཕ་མ་དང་ཕུ་ནུ་མིང་སྲིང་ཚོའི་བརྩེ་བ་དྲོད་མོ་ཡོད་པས། ང་ནི་འཇིག་རྟེན་སྟེང་ཆེས་བདེ་སྐྱིད་ལྡན་པའི་མི་ཞིག་ཡིན། ང་ཚོ་ལ་ནང་ཆོས་ཟེར་བའི་འཚེ་མེད་ཞི་བདེ་ཡི་ཆོས་ལུགས་ཤིག་ཡོད་པས། ང་ཚོ་མི་རབས་ཚ་རྒྱུད་ཚང་མ་སྐྱ་ཆད་སྔོ་སྡུག་གི་འཚོ་བ་རོལ་མི་དགོས་པར་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡིན།

ཕ་ཡུལ་གྱི་ཨ་མའི་ལག་ཟས་གཙང་མ་ནི་ཟས་ཀྱི་སྤུས་ཀ་བྲོ་བ་ནོམ་པ་སོགས་ཀྱི་ཐད་ནས་ཟ་མ་གཞན་དང་རྩ་བ་ནས་བསྡུར་ཐབས་མེད། ཟས་རིགས་གཞན་ནི་རྫས་འགྱུར་གྱིས་བྲོ་བ་བསྒྱུར་བའི་ཟས་རིགས་ཏག་ཏག་ཡིན་པའི་ཕར་བལྟས་ཚོད་ལ་ཞིམ་པའི་འགྲམ་ཆུ་ལྡང་བྱེད་ཀྱི་དཀར་དམར་སྣ་ཚོགས་ཡོད་ཀྱང་དོན་དུ་ལྕེ་སྟེང་གི་བྲོ་བ་ཙམ་མ་གཏོགས་ནང་གི་སྙིང་པོ། ཟས་ཀྱི་བཅུད་སོགས་ཅི་ཡང་མེད་པར་མ་ཟད་བདེ་ཐང་ལ་གནོད་པ་ཤ་སྟག་རེད།བདེ་ཐང་ཅན་གྱི་ཟས་རིགས་དཀོན་དུས་ཨ་མའི་ལག་ཟས་ཁོ་ན་བྲོ་བ་དང་ནང་བཅུད་དག་ནི་ཟ་མ་གཞན་དང་བསྡུར་ཐབས་མེད། ཕ་ཡུལ་བྱིས་དུས་ཀྱི་རྩེད་ར་ཆུང་ཆུང་དེ་ཚོ་ཕྱིར་དྲན་བྱེད་ཐེངས་རེར། འཇིག་རྟེན་སྟེང་གི་འགྲོ་བ་མིའི་བདེ་སྐྱིད་ཟེར་བ་དེ་སེམས་ཀྱི་ག་ལེར་མྱོང་འོང་། དཔེར་ན་ཁྱིམ་མཚེས་ཀྱི་བྱིས་པ་ཆུང་ཆུང་ཚོ་དང་ལྷན་དུ། རྩེད་རྡོ་སྒྲིག་པ། དབྱར་ལ་མེ་ཏོག་འཐུ་བ། དགུན་ལ་དར་ཤུད་བྱེད་པ་སོགས་ད་ལྟ་དྲན་ཐེངས་རེར་ཕ་ཡུལ་ནི་བདེ་སྐྱིད་དཔལ་གསུམ་འཛོམས་པའི་ཆེས་ཡིད་འོང་གི་ཞིང་ཁམས་ཤིག་མ་ཡིན་ནམ། ཞིང་ཁམས་དེར་འཚོ་གཞིས་གནང་བའི་ནང་མི་ཚང་མ་ནམ་ཡང་བདེ་ཞིང་སྐྱིད་པར་སྨོན། 

༼ གུ་དཔལ་ཤིས། ༽


  • ལེ་ཚན་སྔོན་མ།:ལོ་རྒྱུས་ལས་རྙེད་ པའི་ང་ཡི་བོད།
  • ལེ་ཚན་རྗེས་མ།:འབྲོག་ཐང་གི་རྩྭ་རྐང་།