འབྲོག་ཐང་གི་རྩྭ་རྐང་།

        2023-08-23

རི་སྒང་ནས་ཟིལ་བ་དག་འོད་ཆེམ་ཆེམ་མཛེས་སྡུག་གི་ལང་ཚོ་གསར་བ་རེ་རེ་མངོན་པར་བྱེད། རྩྭ་རྐང་དག་རླུང་གིས་གཡོ་བཞིན་ཟིལ་བ་དག་ལ་སྐོར་བྲོ་འཁྲབ་ཏུ་འཇུག། ཟིལ་བ་རེ་རེ་ནི་སྔར་ལས་ལང་ཚོའི་མཛེས་དཔལ་མངོན་བཞིན་རི་སྒང་གི་ཁ་དོག་གསར་པའི་མཛེས་པ་ཉག་གཅིག་ཏུ་བཀྲ། དབྱར་གཞུང་གི་ཞོགས་པ་རེ་རེའི་འབྲོག་ཐང་ནི་ཟིལ་བས་ཁེབས་པའི་ཆུ་ཕྲན་ཞིག་དང་ཀུན་ནས་མཚུངས། འབྲོག་ཐང་གི་མཛེས་སྡུག་ལ་རོལ་གྱིན་འབྲོག་ཐང་ལ་ཉུལ་ན།ལྷམ་དང་གོས་ལྭའི་ཐུ་སྣེ་བརླན་ཞིང་ཆུ་ཕྲན་ཆུང་ཆུང་ཞིག་འཕྲེད་ཀྱིས་བཅད་པ་དང་ཁྱད་པར་མེད། གྲོང་ཁྱེར་ནས་འབྲོག་ཐང་ལ་ཡོང་མཁན་གྱི་ཡུལ་འཁྱར་བ་དང་སྣེ་ཤན་པ་ཚོས་རྩྭ་རྐང་གི་འཇམ་ཞིང་སྣུམ་པའི་རེག་བྱ་ལ་མྱོང་བར་བྱེད།འབྲོག་ཐང་གི་རྩྭ་རྐང་རེ་རེའི་ཁ་དོག་མི་འདྲ་ལ་དྲི་ཞིམ་ཡང་མི་འདྲ་སྟེ། རྩྭ་རྐང་སེར་པོ། རྩྭ་རྐང་དམར་པོ། རྩྭ་རྐང་ལྗང་ཁུ་སོགས་ཅི་འདྲའི་ཡིད་དུ་འོང་བའི་རྩྭ་རྐང་དང་རྩྭ་རྐང་གི་འཚོ་བ། འབྲུ་མར་སེར་པོ་དང་འདྲ་བའི་འབྲོག་ཐང་གི་རྩྭ་རྐང་། འབྲོང་ཤ་དམར་པོ་དང་འདྲ་བའི་འབྲོག་ཐང་གི་རྩྭ་རྐང་། ཨ་མའི་མགུར་གྱི་གཡུ་རྡོ་ལྗང་ཁུ་དང་འདྲ་བའི་འབྲོག་ཐང་གི་རྩྭ་རྐང་། དུས་བཞིའི་འགྲོས་དང་མཐུན་པར་གསལ་ཡོང་བའི་འབྲོག་ཐང་གི་རྩྭ་རྐང་རེ་རེའི་ཁ་དོག་དང་ནང་སེམས་ནས་འགྱུ་བའི་ཚོར་བ་དཀར་སེར་དམར་ལྗང་། ཕྱི་ནང་གསང་གསུམ་ནས་འཕྲོས་པའི་ཡིད་ལ་བྲིས་པའི་རི་མོ་སྣ་ཚོགས། རེ་རེ་ནས་དྲན་ན་རེ་རེ་ནས་གསལ་ན། ད་གཟོད་འབྲོག་ཐང་གི་རྩྭ་རྐང་ནི་ངའི་ཕྱིར་དྲན་འཆར་བའི་མེ་ལོང་ཞིག་ཡིན་པ་འདྲ་ལ། ངའི་བྱིས་དུས་འབྲི་བྱེད་ཀྱི་ཤོག་བུ་དཀར་དཀར་དང་སྣག་ཚ་ནག་ནག་དེའང་ཅི་ལ་མིན། འབྲོག་ཐང་ནས་སྐྱེས་པའི་རྩྭ་རྐང་གི་དྲི་ཞིམ་ཡང་མི་འདྲ་སྟེ། གུར་གུམ་སེར་པོའི་བསུང་ངད་འདྲ་བའི་འབྲོག་ཐང་ནས་འབུས་པའི་རྩྭ་རྐང་གི་དྲི་ཞིམ། དགོན་པའི་སྤོས་དཀར་གྱི་དྲི་དང་འདྲ་བའི་འབྲོག་ཐང་ནས་འབུས་པའི་རྩྭ་རྐང་གི་དྲི་ཞིམ། སུར་དཀར་མེ་ཏོག་གི་དྲི་བསུང་དང་འདྲ་བའི་འབྲོག་ཐང་ནས་འབུས་པའི་རྩྭ་རྐང་གི་དྲི་ཞིམ། ཧ་ཅང་རྒྱུན་ལྡན་ཡིན་ལ་རྒྱུན་ལྡན་མ་ཡིན་པའི་འབྲོག་ཐང་གི་རྩྭ་རྐང་།དུས་རབས་ཤིག་འདི་ལྟར་མཇུག་རྫོགས་རྗེས། འབྲོང་ཐང་ནས་སྐྱེས་པའི་རྩྭ་རྐང་གི་ཁ་དོག་དང་དྲི་ཞིམ་མི་འདྲ་བ་ནང་བཞིན་དབྱིབས་ཀྱང་མི་འདྲ་སྟེ། ཁྱོད་ལ་གདོད་མའི་རྡོ་རིང་དང་འདྲ་བའི་དབྱིབས་ནར་མོ་ཡོད། ཁྱོད་ལ་གདོད་མའི་མདུང་རིང་དང་འདྲ་བའི་དབྱིབས་རིང་མོ་ཡོད། ཁྱོད་ལ་གདོད་མའི་རལ་གྲི་དང་འདྲ་བའི་དབྱིབས་ལེབ་མོ་ཡོད། འབྲོག་ཐང་གི་རྩྭ་རྐང་ལ་ལྷད་མེད་པས་རྡོ་རིང་ཡིན། འབྲོག་ཐང་གི་རྩྭ་རྐང་ལ་རང་ཚུགས་ཡོད་པས་མདུང་རིང་ཡིན། འབྲོག་ཐང་གི་རྩྭ་རྐང་ལ་དེ་ལས་ཀྱང་རང་ཚུགས་བརྟན་པོ་ཡོད་པས་རལ་གྲི་ཡིན།འབྲོག་ཐང་ནས་སྐྱེས་པའི་རྩྭ་རྐང་གི་ཁ་དོག་དང་དྲི་ཞིམ་དབྱིབས་སོགས་རེ་རེ་ལའང་ང་ཚོ་དགའ་འོས། ང་ཚོ་འབྲོག་ཐང་གི་རྩྭ་རྐང་ལ་འགྱུར་བར་སྨོན། 

༼ ཧུན • དུར་རོ། ༽

  • ལེ་ཚན་སྔོན་མ།:ང་ཡི་ཕ་ཡུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།