མཚན་མོ་དང་ཟླ་འོད།

        2023-08-30

ད་ལྟ་པེ་ཅིང་གི་མཚན་མོའི་དུས་ཚོད་བཅུ་གཅིག་དང་སྐར་ཆ་ཞེ་བཞི་ལ་སླེབས་འདུག། ང་སྐར་མ་ཞིག་ཏུ་གྱུར་རམ་ཅི། མཚན་མོ་འདི་ལ་ཁེར་རྐྱང་དང་གཉིད་དུ་མི་ཡུར་བས་ཟླ་བ་ལ་གཟིགས་འདོད་ཆེ་རུ་གྱུར། ཟླ་བ་ལ་བལྟས་པ་མང་དྲགས་སོང་སྟེ། ཟླ་བ་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཞིག་དྲན་བྱུང་ངོ་།། དེ་ལྟར། ཟླ་བ་དང་འབྲེལ་བའི་གཏམ་རྒྱུད་དྲན་པ་དག་རྫོགས་རྗེས། ཟླ་བ་དང་འབྲེལ་བ་ཅི་ཡང་མེད་པའི་བརྩེ་དུང་གི་མེ་ཏོག་ཅིག་ཟླ་བས་ཁ་ཕྱེས་བྱུང་། མེ་ཏོག་དེ་མེ་ཏོག་མ་བཞད་པའི་བུ་མོ་ཞིག་རེད། བུ་མོ་དེའི་ཞལ་རས་ཟླ་བ་འདི་བཞིན་དཀར་ཞིང་དབྱིབས་གོར་གོར་ཡིན། རྒྱུ་མཚན་དེ་དང་བུ་མོའི་སེམས་རྒྱུད་ཟླ་བ་བཞིན་དཀར་ཏེ་ཟླ་བ་ཞེས་པའི་མིང་བུ་མོ་དེ་ལ་ཐོགས། བུ་མོ་དེའི་མཚན་ཙམ་དྲན་ཚེ། ཚེ་འདིའི་བདག་གི་དགའ་སྐྱོ། ཕུགས་བསམ་དང་དུས་ཚོད་ཡོད་དོ་ཅོག་བུ་མོ་དེ་ལ་འབུལ་འདོད་ལ། རང་ཉིད་ཁེར་རྐྱང་མིན་པ་དང་སྐྱོ་གདུང་མེད་པའི་ཚོར་བ་ཞིག་ཤ་དང་རུས་པའི་གསེང་ལ་འགྲེ་ལོག་བྱེད་ཀྱིན། རྨི་ལམ་རྨི་འགོ་བརྩམས་སོང་ན། འདང་རྒྱག་དེ་འགགས་སོང་། འདང་རྒྱགས་དེ་འགགས་སོང་ན། སེམས་གཅོང་དེ་འགག་འགྲོ། སེམས་གཅོང་དེ་འགགས་སོང་ན། འཆར་གཞི་དེ་འགགས་ཤིང་། དེ་ལྟར། ཉིན་གསར་བ་ཞིག་གིས་རང་ཉིད་གཉིད་ལས་དཀྲོག་འོང་ངེས། བརྩེ་དུང་གིས་གདུངས་བའི་ན་གཞོན་ཞིག་ལ་གཉིད་ནི་ཧ་ཅང་གལ་འགངས་ཆེའོ།། གཉིད་ཀྱིས་བརྩེ་དུང་གི་བྲབས་བཞིན་པའི་ན་གཞོན་གྱི་ན་ཟུག་དང་སེམས་གཅོང་སེལ་ཞིང་། མངར་སྐྱུར་འདྲེས་པའི་རང་གི་འདས་དོན་རྙིང་པ་དེ་བརྗེད་དུ་བཅུག་ངེས། འོན་ཀྱང་དུས་ཡུན་ཐུང་ངུ་ཙམ་ལས་ཡུན་རིང་ཞིག་ལ་སྔོན་འགོག་མི་ཐུབ་སྟེ། གལ་ཏེ། ཡིད་ཕངས་པའི་བརྩེ་དུང་ཞིག་མི་ཞིག་ལ་སྟེར་ཡོད་པའི་མི་བུ་བདག།ཚེ་གཅིག་ལ་གཉིད་དུ་ཡུར་ན་ཅི་མ་རུང་། བརྩེ་དུང་གི་གུར་ཁྱིམ་དུ་དྲངས་པའི་སྙིང་ཉེ་དེ་ལ་མེ་ཏོག་འབྲུ་གཅིག་ཀྱང་འབུལ་ཕོད་ཀྱིན་མེད་པའི་སྙན་ངག་འདི། གཉིད་དུ་ཡུར་ན་ང་རང་དམྱལ་བ་ལ་སྐྱེ་བ་བརྒྱ་ལ་བླངས་པའི་སྡུག་བསྔལ་དེ་མཆིས་ཤིང་མི་བཟོད། བརྩེ་དུང་ནི་འཇའ་ཚོན་མ་ཡིན། དེ་བཞིན་དུ་སྙན་ངག་ཅིག་མ་རེད། བརྩེ་དུང་དགའ་སྐྱོ་གཉིས་ཀྱི་མཚོན་དོན་ཡང་མ་རེད། ཡིན་ནའང་། བརྩེ་དུང་གིས་སྙན་ངག་གླེང་ལ་དགའ་སྐྱོ་བསྲུབས། བརྩེ་དུང་གིས་བདེ་སྐྱིད་སྟེར་ཞིང་སྡུག་བསྔལ་སྦྱིན། ངས་གླེང་བཞིན་པའི་བརྩེ་དུང་དེ་ཕྱོགས་རིས་ཀྱི་བརྩེ་དུང་ལ་བཞེད་དགོས། སྤྱིར་བཏང་། ཕྱོགས་རིས་མེད་པའི་བརྩེ་དུང་གིས་བདེ་སྐྱིད་ཁྱེར་འོང་ལ། ཕྱོགས་རིས་ཀྱི་བརྩེ་དུང་གིས་སྡུག་བསྔལ་དྲུད་འོང་། ཟླ་བཅུ་གཅིག་པའི་མཚན་མོ་འདིས་ང་ལ་བུ་མོ་དེ་གླེང་ནས། ངའི་མིག་ཆུ་འཐུང་འདོད་ཀྱིན་འདུག་མོད། ངའི་མིག་ཆུ་འདི་ཡུལ་ལྷ་སའི་སྐྱེས་པ་ཞིག་ལ་ཕུལ་ཅིང་། དགོན་པའི་ཁ་ཏོན་རེ་རེའི་ཡིག་འབྲུ་ལ་ཕུལ་ཟིན། ཡིན་ནའང་། ངས་ཐག་རིང་ཞིག་ན་ཁེར་རྐྱང་གི་འཚོ་བ་རོལ་བའི་བུ་མོ་དེ་དྲན་བཞིན། རང་གི་ལང་ཚོ་རྫོགས་ཀྱིན་འདུག། མཚན་མོ་དང་ཟླ་འོད་ཁུ་སིམ་མེར་གྱུར་འདུག་པ་ཚོར་བྱུང་།

༼ ཆོས་འབྱོར་རྒྱ་མཚོ། ༽


  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་དཔྱིད་ཀ་རྗེས་སུ་དྲན་པ།
  • ལེ་ཚན་རྗེས་མ།:ཕུགས་འདུན་དང་ཕུགས་བསམ་།