ཙ་སུར་སྦྱིན་པ། 2023-08-28
སློབ་དཔོན་པདྨའི་ཐ་ཚིག་ཉེར་དགོངས་བདུད་འདུལ་སྲིན་པོའི་ཁ་གནོན་ཞིང་། །
ཁམས་གསུམ་མ་ལུས་དབང་དུ་བསྡུས་ཤིང་སྲིད་གསུམ་སྐྱོང་བའི་རྗེ་བོ་ཉིད། །
རིག་འཛིན་བྱེ་བའི་ཚོགས་ཀྱིས་བསྐོར་ཅིང་མཁའ་འགྲོ་འདུ་བའི་ཞིང་ཁམས་ནས། །
རིགས་གསུམ་གཅིག་འདུས་སེང་ཆེན་ནོར་བུ་ཆོལ་གསུམ་བོད་མིའི་གཙུག་ན་རྒྱལ། །
གོང་མ་རྒྱལ་མོའི་རྒྱལ་སྲས་ཆུང་ཆུང་སྐུ་རུ་བལྟམས་པའི་བསོད་ནམས་ཞིང་། །
རི་ཆུ་ནགས་གསུམ་ནོར་གྱིས་འགེངས་པའི་སྒང་པ་བོད་པའི་ཞིང་ཁམས་ཡིན། །
དག་དང་མ་དག་གནས་ཀྱིས་འགྲན་པའི་འཛམ་བུ་གླིང་གི་གདུགས་དཀར་པོ། །
གཙང་གསུམ་གཙང་པོའི་རྒྱུན་ལ་འདྲེས་པ་ཤ་ར་ཁྲ་མོའི་གླིང་ཚང་ཡིན། །
གངས་རྒྱན་པད་མའི་བཅུད་ཀྱིས་གསོས་པས་ལྷག་པའི་བསམ་པ་ཀུན་ནས་དཔའ། །
རྫ་ཆུ་དྭངས་མས་བྱབས་ཁྲུས་གསོལ་པས་སྐྱེས་སྟོབས་གཙང་མས་དཔལ་དུ་འབར། །
མདོ་དབུས་ས་མཐོའི་མཁའ་དབུགས་གཙང་མས་བློ་དང་རིག་པ་གློག་ལས་མྱུར། །
བཅུད་ཀྱིས་འཚོས་ཤིང་དཔལ་གྱིས་འབར་བའི་ལྷ་སའི་གཞོན་ནུ་ཇོ་ཇོ་ཡིན། །
སྟོབས་ཀྱིས་དྲེགས་པས་ཁེངས་ཤིང་འགྱིང་བས་སྲིད་པའི་གངས་རྒན་སྐྱེངས་བྱེད་པ། །
བསྐྱངས་བསྐུམས་ཞབས་ཀྱིས་ས་གསུམ་འདར་བས་བདུད་སྡེ་ཕྱེ་མར་འཐག་བྱེད་པ། །
ལྷ་ཀླུ་གཉན་གསུམ་གྲོགས་ལ་བཀུག་པའི་མཐུ་ཆེན་དཔའ་བའི་དཔའ་རྒོད་གང་། །
མཚན་ཐོས་ཙམ་གྱིས་ཡིད་རབ་འཕྲོག་པའི་གླིང་རྗེ་གེ་སར་རྒྱལ་པོ་ཉིད། །
དབྱངས་ཀྱི་རྒྱལ་མོ་མཐོང་བ་ཀུན་སྨོན་གེ་སར་རྒྱལ་པོའི་གདན་ས་ཡིན། །
གསལ་བྱེད་སུམ་ཅུའི་དཔའ་ཐུལ་སུམ་ཅུ་འཇིགས་མེད་རིག་པའི་དཔའ་བོ་ཡིན། །
སྔོན་འཇུག་ལྔ་པོ་སྔོན་དུ་ཆས་པའི་གཡུལ་དགྲའི་རྫོང་མཁར་འཕྲོག་མི་ཡིན། །
རྗེས་འཇུག་བཅུ་པོའི་རྗེས་འབྲངས་པ་རྣམས་རྗེས་སྐྱོར་དཔུང་གི་ལྕགས་རི་ཡིན། །
སེང་ཆེན་ནོར་བུ་བོད་ཀྱི་ནོར་ཡིན་མིང་དང་ཚིག་གི་བང་མཛོད་ཡིན། །
གེ་སར་རྒྱལ་པོ་བོད་ཀྱི་མི་ཡིན་མི་དོན་རིག་པའི་ཆུ་གཏེར་ཡིན། །
ལྷ་སའི་ཇོ་ཇོ་བོད་ཀྱི་སྐད་ཡིན་སྐད་དང་ཡི་གེ་བླ་སྲོག་ཡིན། །
བླ་དང་སྲོག་གི་དུས་མིན་འཆི་བ་གླིང་གི་ཚེ་ལ་བརྒྱུས་ནས་ཡོད། །
གནའ་རབས་མ་ཡིན་དེང་གི་རབས་ན་ཁྱེད་ཀྱི་མཛད་འཕྲིན་ཆུ་བོའི་རྒྱུན། །
ཕྱོགས་ཀྱི་བུ་མོའི་འཛད་མེད་ལོངས་སྤྱོད་ཀུན་གསལ་ཡངས་པའི་ལྷ་ལམ་དུ། །
ཡར་གྱི་མཚོ་ལྟར་རྒྱས་ཤིང་འཕེལ་བས་ཤེལ་དཀར་གྲུབ་པའི་ལྷུན་པོའི་ཕྲེང་། །
རིགས་ཀྱི་དཔའ་བོའི་སེམས་ཀྱིས་མཆེད་དེ་གངས་རིའི་སྙན་པ་ཕྱོགས་ཀུན་སྤུར། །
གནའ་དེང་རིག་པའི་རྟོགས་བརྗོད་རིང་མོ་དུས་ཀྱི་མཁའ་ན་འོད་ཆེམ་ཆེམ། །
རིག་པའི་གནས་དང་རྣམ་དཔྱོད་བར་ན་ཁྱེད་ཀྱི་མཛད་པ་གསལ་ལྷང་ལྷང་། །
ཤར་དང་ནུབ་གྱི་རྒྱལ་སྤྱིའི་གླིང་ན་གཡེར་ཁའི་བསིལ་ཞིང་སྙན་པའི་དྲིལ། །
འཆི་མེད་དབྱར་གྱི་རྔ་སྒྲ་འདིས་ཀྱང་གླིང་རྗེ་གེ་སར་རྒྱལ་པོར་བསྟོད། །
འདི་ནི་གླིང་གི་ཞབས་རྗེས་འཚོལ་བའི་རྨི་ལམ་རིང་མོའི་ཞིང་ཁམས་ཡིན། །
འདི་ནི་གེ་སར་རྒྱལ་པོའི་ཆ་ཙམ་ཆུ་ཐིགས་ཟགས་པའི་མུ་ཏིག་ཡིན། །
འདི་ནི་རིག་པའི་སེང་ཆེན་ཞིག་གི་དྲན་ཤིང་རྟེན་གྱི་ནོར་བུ་ཡིན། །
འདི་ནི་དགྲ་བོ་འདུལ་བའི་གཡང་མདའ་ལྷ་ཤིང་ཤུག་པའི་ལྗོན་བཟང་ཡིན། །
འདི་ནི་མ་བཅོས་སེམས་ཀྱིས་བྲིས་པའི་ཡིད་ཀྱི་བརྩེ་བ་མཚོན་སླད་དུ། །
གླིང་གི་རྗེ་བོར་རྗེས་སུ་འཇུག་པའི་མི་ཆེན་མི་ཆུང་གང་ཡིན་རུང་། །
སྙིང་ན་མངའ་བ་ཁ་རུ་ལུད་པའི་ཁ་དོན་གཉི་ག་མཚུངས་པའི་ཕྱིར། །
གཡོ་མེད་ཟོལ་གྱིས་དྲངས་པའི་ཁྱེ་འུ་གར་དུ་རྩེན་པ་འདི་ལགས་སོ། །
༼ རྩོམ་སྒྲིག་པ། མགར་རྒྱལ་སྲས། ༽
རྩོམ་གསར། 10