མཁའ་གྲོང་ལི་ཐང་གི་སྐྱེ་ཁམས་སྲུང་དམག་ཉི་མ་ཚེ་རིང་།

        2023-08-25

མི་སྒེར་གྱི་མིང་བྱང་།

ཉི་མ་ཚེ་རིང་། ཕོ། གུང་ཁྲན་ཏང་མི། 1982ལོའི་ཟླ་བ9པའི་ཚེས4ཉིན་སྐྱེས། 2006ལོའི་ཟླ་བ6པར་ལས་ཀར་ཞུགས། སྔོན་རྗེས་སུ་ལི་ཐང་རྫོང་སྤྱི་བདེ་ཅུས་སྲིད་སྲུང་རུ་ཆེན་དང་། གྲང་བྱང་མངགས་གཏོང་ཁང་། དགའ་བ་མངགས་གཏོང་ཁང་། ཚེ་མགོན་མངགས་གཏོང་ཁང་བཅས་སུ་ལས་ཀ་བྱས། ད་ཆ་ལི་ཐང་རྫོང་སྤྱི་བདེ་ཅུས་བཟའ་བཅའ་དང་སྨན་རྫས། ཁོར་ཡུག་ནགས་ཚལ་རུ་ཆེན་གྱི་རུ་དཔོན་ཡིན་ཞིང་།ཁོང་ནི་ཉེན་རྟོག་པའི་ལས་ཀར་ཞུགས་པ་ནས་བཟུང་ཕུལ་བྱུང་གི་གཞུང་ལས་པ་དང་། སྲིད་ཁྲིམས་ལས་དོན་གྱི་སྔོན་ཐོན་མི་སྒེར། དབྱར་རྩྭ་དགུན་འབུའི་དོ་དམ་ལས་དོན་གྱི་སྔོན་ཐོན་མི་སྒེར་བཅས་ཡིན་ལ་བྱ་དགའང་ཐེངས་མང་པོ་ཐོབ་མྱོང་། 2022ལོར་ཁུལ་སྤྱི་བདེ་ཅུས་ཀྱི“མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐོ་འགོད”ཐེངས་གཅིག་ཐོབ་པ་དང་། 2023ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ་རེད།

ཉེ་ཆར། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་དྲྭ་བའི་ཐོག《སི་ཁྲོན་ཞིང་ཆེན་གྱིས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཏན་འབེབས》ཡོངས་བསྒྲགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཐུན་མོང111དང་མི་སྒེར236ལ་གཟེངས་བསྟོད་བྱས་པ་རེད།ཉི་མ་ཚེ་རིང་ནི་ལི་ཐང་རྫོང་སྤྱི་བདེ་ཁོངས་གཏོགས་ཀྱི་གཟེངས་བསྟོད་ཐོབ་མཁན་ཁོ་ན་དེ་ཡིན་པ་རེད།

“བྱ་དེ་ཁྲུང་ཁྲུང་དཀར་མོ། གཤོག་རྩལ་ང་ལ་གཡོར་དང་། ཐག་རིང་རྒྱང་ལ་མི་འགྲོ།ལི་ཐང་བསྐོར་ནས་སླེབས་ཡོང”ལི་ཐང་ནི་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་པའི་ས་ཆ་ཞིག་དང་ཡུལ་སྐོར་བ་མང་པོས་འཚོལ་ཞིབ་བྱ་ཡུལ་གྱི་གནས་མཆོག་ཅིག་ཡིན། མཁའ་གྲོང་ལི་ཐང་ན་སྤྱི་བདེ་ཉེན་རྟོག་པའི་ལས་གནས་ནས་ཡོང་བའི་སྐྱེ་ཁམས་སྲུང་དམག་ཅིག་ཡོད་དེ། ཁོང་གིས་ལྷག་བསམ་རྣམ་དག་གིས་མཁའ་གྲོང་གི་སྔོ་ལྗང་རི་ཆུ་དང་རི་སྐྱེས་སྲོག་ཆགས་མང་པོར་སྲུང་སྐྱོང་བྱེད་བཞིན་ཡོད་དེ།དེ་ནི་ཀུན་གྱིས་མཐེ་བོང་སྦྲེང་སའི་ལི་ཐང་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་གྱི་རུ་དཔོན་ཉི་མ་ཚེ་རིང་རེད།

བདེ་འཇགས་སྲུང་སྐྱོང་བྱེད་མཁན་ཨ་ཇོ་ཉི་མ་ཚེ་རིང་ནི་འབྲོག་པ་མང་ཚོགས་ཀྱི་སྙིང་ཉེ་བའི་གྲོགས་པོ་ཞིག་རེད།མངགས་གཏོང་ཁང་དུ་ལས་ཀ་བྱེད་རིང་ཉི་མ་ཚེ་རིང་ཁོངས་གཏོགས་ཁུལ་གྱི་རི་ཀླུང་ཀུན་ཏུ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་དང་འགལ་བ་དང་རྩོད་གཞི་ཆེ་ཆུང་བརྒྱ་ལྷག་ཙམ་འདུམ་འགྲིག་བྱས་པ་དང་།ཐེམ་ཐོའི་ལས་སྒོ་ཁག་རང་འགུལ་ངང་མི་སེར་གྱི་ཁྱིམ་དུ་སོང་ནས་བསྒྲུབས་པ་རེད། གྱོད་གཞི་སྣ་ཚོགས་བཅུ་ལྷག་ཙམ་རྩད་ཆོད་པ་དང་།རྐུར་ཤོར་བའི་འབྲི་གཡག30ལྷག་གི་རྗེས་ཆོད་ཅིང་ཁྱོན་བསྡོམས་མང་ཚོགས་ཀྱི་དཔལ་འབྱོར་སྒོར་ཁྲི50ལྷག་གི་གྱོང་གུན་གསབ་པ་རེད། ཁོང་གིས་ལྷག་བསམ་རྣམ་དག་ངང་དམངས་སེམས་ཐོབ་ཐབས་བྱེད་པ་དང་ཁོངས་གཏོགས་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱི་སེམས་གཏིང་གི་གྲོགས་པོ་དང་གཅེན་གཅུང་ལྟ་བུར་གྱུར་ཞིང་། འབྲོག་པ་མང་ཚོགས་ཀྱིས་རྟག་ཏུ་ཁོང་ལ་ཨ་ཇོ་ཉི་མ་ཞེས་འབོད་ཀྱི་ཡོད།

2018ལོར་ཉི་མ་ཚེ་རིང་ཚེ་མགོན་ཡུལ་ཤོག་བྱང་ལ་གྲོང་སྡེར་གཤམ་སྐྱོད་བྱེད་རིང་གྲོང་སྡེ་དེའི་དུད་ཚང་ཁ་ཤས་ཀྱི་དབར་རྩོད་རྙོག་ཡོད་པས་ལོ་མང་རིང་འཁོན་འཛིན་ཆེན་པོ་བྱེད་ཀྱི་ཡོད། གལ་ཏེ་དུས་ཐོག་ཏུ་ཐག་གཅོད་ཡག་པོ་མ་ཐུབ་ཚེ་འགལ་བ་སྔར་བས་ཛ་དྲག་ཏུ་འགྲོ་སྲིད་པས། མངགས་གཏོང་ཁང་གི་སུའོ་ཀྲང་ཉི་མ་ཚེ་རིང་གིས་གནས་ཚུལ་ཤེས་རྟོགས་བྱུང་རྗེས་འཕྲལ་མར་དོ་བདག་བསྟན་འཛིན་ཕུན་ཚོགས་ཀྱི་ཁྱིམ་དུ་སོང་ནས་ཁོ་དང་ཆུ་ཚོད4རིང་གི་འདུམ་མཐུན་གྱི་སྙིང་གཏམ་ཤོད་རེས་བྱས་པར་བརྒྱུད། བསྟན་འཛིན་ཕུན་ཚོགས་ཀྱིས་གཞི་ནས་ཁོ་ཚོའི་བར་གྱི་འགལ་བའི་གནས་ཚུལ་གསལ་པོར་བཤད་བྱུང་སྟེ། མ་གཞི་ལོ་བཅུའི་སྔོན་བསྟན་འཛིན་ཕུན་ཚོགས་དང་གྲོང་མི་ཞིག་གི་བར་ན་དོན་དག་ཆུང་ཆུང་ཞིག་གི་རྐྱེན་གྱིས་སྔོན་རྗེས་སུ་འཛིང་རེས་ཐེངས་མང་བྱུང་། ལོ་མང་རིང་འདུམ་འགྲིག་གི་གྲོས་མོལ་ཐེངས་མང་བྱས་ཀྱང་སྔར་བཞིན་འཁོན་འགྲས་དེ་རྩ་བ་ནས་སེལ་མ་ཐུབ།

ཉི་མ་ཚེ་རིང་གིས་སྔ་རྗེས་སུ་གནད་དོན་ཐག་གཅོད་ཡོང་བར་ཕར་ཚུར་འགྲོ་འོང་ཐེངས་མང་བྱས་ནས་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས་གྲོང་སྡེའི་ཨུ་ལྷན་གཉིས་དང་དུད་ཚང་གཉིས་ཀྱི་ཁྱིམ་མི་སྒྲིག་འཛུགས་བྱས་ཏེ་འདུམ་འགྲིག་བྱས་ཤིང་།དོན་དངོས་གླེང་ཞོར་བཅའ་ཁྲིམས་སོགས་ཁྱབ་གདལ་བཏང་བ་རེད།མཇུག་ཏུ་ཉི་མ་ཚེ་རིང་གིས་གཞུང་དྲང་ངང་རྒྱུད་རིང་པོས་འདུམ་འགྲིག་བྱས་པ་བརྒྱུད་ཕྱོགས་གཉིས་པོའི་འཁོན་འགྲས་ཀྱི་མཚོན་ཆ་གཡང་སར་བསྐྱུར་ནས་ཕན་ཚུན་ལག་འཇུ་བྱས་ཏེ་འདུམ་མཐུན་བྱུང་བ་རེད། བསྟན་འཛིན་ཕུན་ཚོགས་ཀྱིས་ཉི་མ་ཚེ་རིང་གི་ལག་ཟུང་ལ་དམ་པོར་འཇུས་ནས་ཁྱེད་ནི་མི་སེར་གྱི་སྙིང་ཉེ་བའི་ཉེན་རྟོག་པ་ཞིག་དང་ང་ཚོའི་གཅེན་པོ་ལྟ་བུ་ཡིན་པས་ང་ཚོའི་ཁྱིམ་གྱི་ལོ་ངོ་བཅུ་ལྷག་རིང་གི་དཀའ་ངལ་དེ་སེལ་ཐུབ་སོང་ཞེས་ཐུགས་རྗེ་དང་བཀའ་དྲིན་ཡང་ཡང་ཞུས་པ་རེད།

2021ལོའི་ཟླ་བ10པར་ལས་ཀར་འགྱུར་ལྡོག་ཕྱིན་པའི་དབང་གིས་ཉི་མ་ཚེ་རིང་རྫོང་ནགས་ཚལ་ཉེན་རྟོག་རུ་ཆེན་དུ་ལས་གནས་སྤོས། འབྲོག་པ་མང་ཚོགས་ཀྱིས་རང་འགུལ་ངང་སྒྲིག་འཛུགས་བྱས་ཏེ་མངགས་གཏོང་ཁང་དུ་ཁོ་ཚོས་སེམས་ནང་གི་མི་བཟང་པོ་ཨ་ཇོ་ཉི་མ་སྐྱེལ་སར་ཡོང་བ་རེད། མངགས་གཏོང་ཁང་གི་ར་བའི་ནང་ཉི་མ་ཚེ་རིང་དང་ཞིང་འབྲོག་མང་ཚོགས་མཉམ་དུ་འཛོམས་ནས་སྙིང་གཏམ་བཤད་རེས་བྱས་པ་དང་། མང་ཚོགས་ཀྱིས་འབྲལ་མི་འདོད་པའི་སེམས་པ་དང་བཅས་མིག་ཆུ་ཤོར་བཞིན་དག་གཙང་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཉི་མ་ཚེ་རིང་གི་སྐེ་ལ་བསྒྲོན་ནས་ཁོང་ལ་སྐྱེལ་མ་དང་སྨོན་འདུན་ཞུས་པ་རེད།

ནགས་ཚལ་ཉེན་རྟོག་རུ་ཆེན་དུ་སླེབས་རྗེས་ཉི་མ་ཚེ་རིང་གིས་ཆེད་ལས་ཀྱི་དམིགས་བསལ་རང་བཞིན་ལ་དམིགས་ཏེ་ལས་གནས་གསར་པར་མགྱོགས་མྱུར་འཚམ་པ་བྱས་ཏེ། ནགས་ཚལ་ཉེན་རྟོག་རུ་ཆེན་དུ་སླེབས་མ་ཐག་ཉི་མ་ཚེ་རིང་གིས་རྟག་ཏུ་གྲོང་སྡེར་བསྐྱོད་དེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རྗེས་ཤུལ་རེ་རེ་བཞིན་དབྱེ་འབྱེད་ངོས་བཟུང་བྱས་པ་དང་།རྫོང་ཡོངས་ཀྱི་ས་དབྱིབས་ཆགས་ཚུལ་ལ་རྒྱུས་མངའ་ལོན་པར་བྱས་ཤིང་།ནགས་ཚལ་སྤྱི་བདེ་ཆེད་ལས་ཀྱི་ཤེས་བྱ་གསབ་སྦྱོང་སོགས་བྱས་ཏེ་ལོ་གཅིག་ལྷག་གི་དུས་ཚོད་བརྒྱུད་ཁོང་རང་གཞི་ནས་མཁའ་གྲོང་ལི་ཐང་གི་སྐྱེ་ཁམས་སྲུང་དམག་ཞིག་ཏུ་གྱུར་པ་རེད། མངགས་གཏོང་ཁང་གི་གཞི་རིམ་གྱི་རྨང་གཞིའི་ལས་དོན་ཙག་ཙིག་ནས་ནགས་ཚལ་ཉེན་རྟོག་རུ་ཆེན་གྱི་ཆེད་ལས་རང་བཞིན་གྱི་གྱོད་གཞི་དང་། དེ་ནས་བཟའ་བཅའ་དང་སྨན་རྫས། ཁོར་ཡུག། ཤེས་བྱའི་ཐོན་དབང་སོགས་དེ་བས་ཆེད་ལས་རང་བཞིན་གྱི་གྱོད་གཞིར་སློབ་སྦྱོང་དང་འབད་བརྩོན་ནན་ཏན་བྱས་ནས་བྱ་བ་ཚང་མ་ལེགས་ལམ་དུ་ཞུགས་ཐུབ་པར་སོང་། ནགས་ཚལ་ཉེན་རྟོག་རུ་ཆེན་དུ་གནས་སྤོས་བ་ནས་བཟུང་།ཉི་མ་ཚེ་རིང་ཤིང་ནགས་རྐུ་གཅོད་གྱི་གྱོད་གཞི21རྩད་ཆོད་ཐུབ་ནས་ཉེས་གསོག་དོགས་ཅན31འཛིན་བཟུང་བྱས་པ་དང་།རྩ་ཆེ་བ་དང་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་གནོད་འཚེ་བཟོ་བའི་གྱོད་གཞི2རྩད་ཆོད་དེ་ཉེས་གསོག་དོགས་ཅན4འཛིན་བཟུང་བྱས། རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་ཐོན་རྫས21དང་། རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཀྱི་ཐོན་རྫས1བཅས་རྩད་ཆོད་བྱས་ཡོད་པ་རེད།

གནམ་སྔོན་པོ་དང་བར་ཐག་ཆེས་ཉེ་བའི་ས་ཆ་འདི་ནས་ཉི་མ་ཚེ་རིང་གིས་སྐྱེ་ཁམས་སྲུང་དམག་ཚོའི་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་མདུན་དུ་བསྐྱོད་ཅིང་། དྭངས་ཤིང་གཙང་བའི་བརྩེ་དུང་དེ་མཐོ་སྒང་གི་གངས་རི་དང་རྩྭ་ཐང་། ནགས་ཚལ་བཅས་སུ་ཁྱབ་པ་རེད།། (བདེ་སྐྱིད་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:སྨན་བཅོས་ཀྱི་ལག་རྩལ་རྩེ་ལ་སོན།། བྱམས་བརྩེ་ཡིས་ནད་པ་སྲོག་ལས་སྐྱོབ།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།