ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2023-08-28

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ8པའི་ཚེས23ཉིན་གྱི་སྔ་དྲོར། འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པ་གཡོད་ཧན་ནེ་སི་པའོ་ཧྲན་ཐེང་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུ་ས་ཡིས་ཞལ་འཛོམས་གཙོ་སྐྱོང་གནང་བ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ། རྒྱ་གར་གྱི་ཙུང་ལི་མོ་ཏི། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་བཅས(དྲྭ་ཐོག)ཚོགས་འདུར་ཞུགས་ཤིང་། འདི་ནི་ཞལ་འཛོམས་གནང་རིང་རྒྱལ་ཁབ་ལྔའི་མགོ་ཁྲིད་པ་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་གཡོད་ཧན་ནེ་སི་པའོ་ནས་སྤྱི་ཟླ8པའི་ཚེས23ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་སྤྱི་ཟླ8པའི་ཚེས23ཉིན་གྱི་སྔ་དྲོར། འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པ་གཡོད་ཧན་ནེ་སི་པའོ་ཧྲན་ཐེང་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུ་ས་ཡིས་ཞལ་འཛོམས་གཙོ་སྐྱོང་གནང་ཞིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ། རྒྱ་གར་གྱི་ཙུང་ལི་མོ་ཏི། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་བཅས(དྲྭ་ཐོག)ཚོགས་འདུར་ཞུགས་ཡོད་པ་རེད། རྒྱལ་ཁབ་ལྔའི་འགོ་ཁྲིད་པས“འབོ་གསེར་དང་ཨ་ཧྥེ་རི་ཁ། རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། ཕན་ཚུན་དབར་གྱི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བ་བཅས་བྱས་ཏེ་ཁོང་ཡངས་རང་བཞིན་གྱི་ཕྱོགས་མང་རིང་ལུགས་ལ་ཤུགས་བསྣན་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་འབོ་གསེར་གྱི་མཉམ་ལས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བར་མ་ཟད། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད།

ཞི་ཅིན་ཕིང་གིས《མཐུན་སྒྲིལ་མཉམ་ལས་ཀྱིས་འཕེལ་རྒྱས་དོན་གཉེར་དང་འགན་འཁྲི་འཁུར་ནས་ཞི་བདེར་སྐུལ་འདེད་གཏོང》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་གནང་དོན། དེང་སྐབས་འཛམ་གླིང་འདི་ཉིད་ཡོ་ལངས་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ནས་ལེགས་སྒྲིག་ཆེན་པོ་དང་། ཁ་ཐོར་ཆེན་པོ། བསྐྱར་སྒྲིག་ཆེན་པོ་བཅས་བྱེད་བཞིན་ཡོད། འབོ་གསེར་རྒྱལ་ཁབ་ནི་རྒྱལ་སྤྱིའི་གནས་བབ་གཏོད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ང་ཚོས་འཕེལ་རྒྱས་ཀྱི་འགྲོ་ལམ་རང་ཉིད་ལ་བརྟེན་ནས་བདམས་པ་དང་། འཕེལ་རྒྱས་ཀྱི་དབང་ཆ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། ཐུན་མོང་ཐོག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པ་བཅས་ལས་མིའི་རིགས་ཀྱི་སྤྱི་ཚོགས་མདུན་སྐྱོད་ཀྱི་ཁ་ཕྱོགས་མཚོན་ཡོད་པས་འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་རེད། ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། ང་ཚོས་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཕན་གྱི་འབོ་གསེར་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། འབོ་གསེར་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ལྔ་པོའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དྲང་གཞག་ཡོང་བར་བྱས་ནས། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ཡོད། འབོ་གསེར་རྒྱལ་ཁབ་ནི་ཐོག་མཐའ་བར་གསུམ་དུ་རང་ཚུགས་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་དར་སྤེལ་གཏོང་མཁན་དང་ལག་ལེན་བསྟར་མཁན་ཞིག་ཡིན་པས། རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་བྱ་བ་དེའི་བདེན་རྫུན་དྲང་འཁྱོག་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་བྱས་ནས་སྐད་ཆ་དྲང་པོ་ཤོད་པ་དང་བྱ་བ་བཟང་པོ་སྒྲུབ་པ་ལས། རྩ་དོན་ཉོ་ཚོང་དུ་མི་བརྩི་བ་དང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་ལ་མགོ་མི་སྒུར་བ། རྒྱལ་ཁབ་གཞན་གྱི་ཟུར་གཏོགས་རྒྱལ་ཁབ་མི་བྱེད་པ་བཅས་བྱེད་ཀྱི་ཡོད། འབོ་གསེར་རྒྱལ་ཁབ་ལ་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དང་ཐུན་མོང་གི་དམིགས་ཚད་ཡོད་པས། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་ཕྱིན་རུང་མཉམ་ལས་ཀྱི་ཐོག་མའི་བསམ་གཞི་དང་ཐུན་མོང་གི་བསམ་འདུན་ལ་འགྱུར་ལྡོག་འགྲོ་མི་སྲིད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབོ་གསེར་གྱི་མཉམ་ལས་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་དུས་མཚམས་སུ་གནས་ཡོད། ང་ཚོས་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་། ཁ་ཕྱོགས་ལ་སྣེ་ཁྲིད། མཉམ་འབྲེལ་རང་སྟོབས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གསར་སྒྱུར་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་། བརྟན་ལྷིང་རང་བཞིན། དྲང་ནུས་བཅས་དེ་བས་མང་བ་བསྣན་དགོས།

ང་ཚོས་དཔལ་འབྱོར་ཚོང་དོན་དང་མ་དངུལ་ཐད་མཉམ་ལས་ཟབ་ཏུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། འཕེལ་རྒྱས་ནི་རྒྱལ་ཁབ་ཁག་གི་འཕྲོག་མི་ཐུབ་པའི་དབང་ཆ་ཞིག་ཡིན་པ་ལས། རྒྱལ་ཁབ་ཉུང་ཤས་ཀྱིས“གཅིག་པུར་དབང་བའི་ཁེ་ཕན”ཞིག་མིན། འབོ་གསེར་རྒྱལ་ཁབ་ཀྱིས་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་བུར་མཉམ་དུ་སྐྱོད་ནས“འབྲེལ་གཅོད་ཕྲེང་གཏུབ”དང་དཔལ་འབྱོར་བཙན་ཤེད་ལ་ངོ་རྒོལ་བྱེད་དགོས། དངོས་དོན་མཉམ་ལས་དང་ལྷག་པར་དུ་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་འཕེལ་རྒྱས། མཁོ་སྤྲོད་འཁོར་འབྲེལ་སོགས་ཁྱབ་ཁོངས་ལ་དམིགས་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ“འབོ་གསེར་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་ཐོན་ལས་ཀྱི་སྤེལ་རེས་མཉམ་ལས་ལམ་སྲོལ”བཙུགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་ཆེད། ཐོན་ལས་སྦྲེལ་མཐུད་དང་རྣམ་གྲངས་མཉམ་ལས་ཀྱི་སྟེགས་བུ་མཁོ་འདོན་བྱེད་འདོད་ཡོད།

ང་ཚོས་ཆབ་སྲིད་བདེ་འཇགས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་ཁག་གི་མི་དམངས་ཚང་མས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོར་རེ་སྒུག་བྱེད་བཞིན་ཡོད། རྒྱལ་སྤྱིའི་བདེ་འཇགས་ནི་ཁ་བྲལ་དུ་མི་རུང་བ་ཞིག་རེད། རྒྱལ་ཁབ་གཞན་གྱི་ཁེ་ཕན་བློས་བཏང་ནས་རང་ངོས་རྦད་དེ་བདེ་འཇགས་ཡོང་བར་བྱས་ཚེ། མཐར་རང་ཉིད་ལ་གནོད་འཚེ་ཕོག་སྲིད། འབོ་གསེར་རྒྱལ་ཁབ་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱས་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ། གླེང་མང་བའི་གནད་དོན་འདུམ་འགྲིག་ཧུར་ཐག་བྱེད་པ། ཆབ་སྲིད་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་དགོས།

ང་ཚོས་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་བསྣན་ནས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས། ཤེས་དཔལ་སྣ་མང་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་ཀྱི་འགྲོ་ལམ་སྣ་མང་ཕུན་སུམ་ཚོགས་པ་ནི་འཛམ་གླིང་ལ་ལྡན་དགོས་ངེས་ཀྱི་རྣམ་པ་ཞིག་རེད། མིའི་རིགས་ཀྱི་ལོ་རྒྱུས་ནི་ཤེས་དཔལ་གྱི་རིགས་གཅིག་དང་ལམ་ལུགས་གཅིག་གི་ཐོག་མཇུག་འགྲིལ་མི་སྲིད། འབོ་གསེར་རྒྱལ་ཁབ་ཀྱིས་ཀུན་འདུས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཤེས་དཔལ་མི་འདྲ་བ་ཞི་བདེ་མཉམ་གནས་དང་ཞི་མཐུན་མཉམ་གནས་ཡོང་བར་ཁྲིད་སྟོན། རྒྱལ་ཁབ་ཁག་གིས་རང་ཉིད་ལ་བརྟེན་ནས་བདམས་པའི་དེང་རབས་ཅན་གྱི་འགྲོ་ལམ་ལ་བརྩི་འཇོག་བཅས་བྱས་ནས་འདུ་ཤེས་འཛིན་སྟངས་ཁ་གཏད་དུ་ལངས་པ་དང་། ལམ་ལུགས་ཁ་གཏད་དུ་ལངས་པ། “ཤེས་དཔལ་གྱི་གདོང་ཐུག”བཅས་ལ་ངོ་རྒོལ་བྱེད་དགོས།

ང་ཚོས་དྲང་གཞག་དྲང་བདེན་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་གདམ་ག་ཡང་དག་ཅིག་རེད། འབོ་གསེར་རྒྱལ་ཁབ་ཀྱིས་ཕྱོགས་མང་རིང་ལུགས་དངོས་ལག་ལེན་བསྟར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་དང་ཤུགས་བསྣན་ནས། “འཁོར་རྒྱ་ཆུང་ཆུང”དང“ཚོགས་པ་ཆུང་ཆུང”གཉེར་བར་ངོ་རྒོལ་བྱེད་དགོས། ང་ཚོས་སྒོ་དབྱེ་ཁོང་ཡངས་དང་མཉམ་ལས་གཉིས་ཕན་གྱི་འབོ་གསེར་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ“འབོ་གསེར +”མཉམ་ལས་ཡག་པོ་སྤྱད་དེ་ཁོངས་མི་མང་དུ་གཏོང་བའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་འབྲེལ། རྒྱལ་ཁབ་དེ་བས་མང་པོ་འབོ་གསེར་གྱི་ཁྱིམ་ཚང་ཆེ་མོར་ཞུགས་ཏེ་ཀུན་གྱི་བློ་གྲོས་གཅིག་སྡུད་དང་མཉམ་ཤུགས་གཅིག་སྒྲིལ་གྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་གཞུང་དྲང་ལུགས་མཐུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

མཇུག་ཏུ་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབོ་གསེར་བྱ་གཞག་གིས་རྒྱལ་སྤྱིའི་དྲང་བདེན་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ལྔ་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཚེ། བརྟན་བགྲོད་རྒྱང་འཁྱོལ་ཐུབ་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རོགས་ཟླ་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཅངས་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ། འབོ་གསེར་གྱི་འགན་འཁྲིར་བརྟེན་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ། འབོ་གསེར་གྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་བཅས་བྱས་ཏེ་དེང་རབས་ཅན་གྱི་ཕྱོགས་སུ་མཉམ་དུ་སྐྱོད་འདོད་ཡོད།

ལཱ་མཱ་ཧྥུ་ས་དང་། ལུའུ་ལཱ། ཕུའུ་ཅིང་། མོ་ཏི་བཅས་ཀྱིས་འབོ་གསེར་མཉམ་ལས་ལམ་སྲོལ་ལ་ཐོབ་པའི་དགེ་མཚན་ལྡན་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་བ་རེད། ཕྱོགས་ཁག་གིས། ས་འབྲེལ་གྱི་ཆབ་སྲིད་གདོང་ཐུག་དང་འཛམ་གླིང་དཔལ་འབྱོར་གྱི་དཀའ་ངལ་སོགས་ཀྱི་ཤུགས་རྐྱེན་ཕོག་པར་བརྟེན་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཉིན་རེ་བཞིན་དབུལ་ཕོངས་དང་། འདྲ་མཉམ་མེད་པ། དྲང་གཞག་མེད་པ་སོགས་ཀྱི་འགྲན་སློང་ཚབས་ཆེན་འཕྲད་པས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བའི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བར་གཞོལ་ནས་གོ་ལ་ཧྲིལ་པོའི་ཞི་བདེ་བརྟན་ལྷིང་དང་དྲང་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། རྒྱལ་ཁབ20ལྷག་ཙམ་གྱིས་འབོ་གསེར་རྒྱལ་ཁབ་ནང་ཞུགས་རྒྱུའི་རེ་ཞུ་ཕུལ་བ་ལས་འབོ་གསེར་མཉམ་ལས་ལམ་སྲོལ་གྱི་གསོན་ཤུགས་དང་། ཡིད་དབང་འགུག་ཤུགས་དང་དེ་བཞིན་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཐབ་ཇུས་ཀྱི་རིན་ཐང་བཅས་གང་ལེགས་མངོན་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། སྒོ་དབྱེ་ཁོང་ཡངས་དང་མཉམ་ལས་གཉིས་ཕན་གྱི་སྙིང་སྟོབས་མུ་མཐུད་མཐའ་འཁྱོངས་བྱེད་པ། འབོ་གསེར་གྱི་ཁོངས་མི་རྒྱ་ཆེར་གཏོང་བའི་འཕེལ་རིམ་མགྱོགས་སུ་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་དེ་བས་ཁོང་ཡངས་དང་། དེ་བས་དྲང་གཞག། དེ་བས་ལུགས་མཐུན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་མང་སྒྲིག་སྲོལ་སླར་གསོ་དང་འབྲེལ་སྒྱུར་བཅོས་བྱེད་པ། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དེ་ཉིད་འཛམ་གླིང་གི་མི་དམངས་མང་ཆེ་བའི་མཚོན་བྱེད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་དེ་བས་འཚམ་པར་བྱེད་དགོས། འབོ་གསེར་རྒྱལ་ཁབ་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་དང་རྒྱལ་ཁབ་ཁག་གིས་རང་ཉིད་ལ་བརྟེན་ནས་བདམས་པའི་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་དེང་རབས་ཅན་གྱི་འགྲོ་ལམ་ལ་བརྩི་འཇོག་བྱེད་དགོས། རྒྱལ་སྤྱིའི་དངུལ་རྩའི་མ་ལག་དེ་ས་འབྲེལ་གྱི་ཆབ་སྲིད་འགྲན་རྩོད་ཀྱི་ལག་ཆར་མི་འགྱུར་བ་བྱེད་པ་དང་། རྒྱལ་སྤྱིའི་དངུལ་རྩའི་དངུལ་ལོར་མ་ལག་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་བསྟུན་མཁས་རང་བཞིན་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ལྔ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་པའི་ངོས་འཛིན་གནང་བ་རེད།

ཞལ་འཛོམས་གནང་རིང་རྒྱལ་ཁབ་ལྔའི་མགོ་ཁྲིད་པས་ད་དུང་འབོ་གསེར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལམ་སྲོལ་གྱི་འགན་འཁུར་བའི་ལས་དོན་སྙན་སེང་གསན་པ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྒྲོན་པ་རེད།། 

(མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)


  • ལེ་ཚན་སྔོན་མ།:ཕྱི་རྒྱལ་དང་ངོགས་གཉིས་ཀྱི་རྒྱ་ཡིག་སྨྱན་སྦྱོར་ཀན་སུའུ“མཐོ་སྒང་དུ་སྐྱོད”ཅེས་པའི་བཅར་འདྲི་བྱེད་སྒོ་ཀན་སུའུ་ལན་ཀྲོའུ་རུ་མགོ་བརྩམས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།