རྒྱང་རིང་གི་ཟེགས་མ་ནག་མོ།

དབྱངས་ཞི་བ།        2023-08-28

བསིལ་འཇམ་རླུང་བུ་ལྡང་བའི་འབྲོག་ཐང་དུ། །

འབྲི་མོའི་ངུར་དབྱངས་ཁྲོད་ནས་ཟོ་ཁུར་ཏེ། །

བརྩེ་བའི་ཟུར་མིག་འཛིན་པའི་ལྷ་མོ་ཉིད། །

གམ་དུ་ལན་རེར་བསྡད་ན་སྙིང་ཆུང་འཕག །

ནོར་གནག་རྗེས་འགྲིམ་དབེན་པའི་ནགས་ཚལ་ནས། །

དགོ་དགོ་གླུ་དབྱངས་འཐེན་པའི་གླུ་མ་སྟེ། །

སྙིང་གི་ཕྱེད་ཀ་བཅོམ་པའི་ལྷ་མོ་ཁྱོའི། །

འགྲིན་པའི་གསོལ་དབྱངས་ཐོས་ན་ཞེ་རེ་འཚུབ། །

ཚིག་གི་རི་བོ་སྒྲིག་པའི་སྲང་ལམ་ནས། །

ཡིད་ཀྱི་མཚོ་མོར་འཁྱུག་པའི་ཉ་མོ་སྟེ། །

བློ་སྙིང་བྲང་གསུམ་གཏད་སའི་ལྷ་མོ་ཁྱོད། །

མིག་ལ་གཡོ་ཙམ་གནང་ན་སེམས་པ་ཤོར།།

ཡིན་ཡང་ཡིད་ལ་ན་ཟུག་བཞག་པ་ནི། །

སེམས་ཀྱི་དར་སྐུད་འཐེན་སའི་འཇོ་སྒེག་མ། །

ལས་དབང་བཙན་པོ་ཁབ་ཀྱི་རྩེ་མོ་དེས། །

ཁྱོད་རང་ཁོ་དང་རྒྱང་དུ་བསྐལ་ནས་སོང་། །

རྩོམ་སྒྲིག་པ། མགར་རྒྱལ་སྲས


  • ལེ་ཚན་སྔོན་མ།:གླིང་རྗེ་གེ་སར་རྒྱལ་པོ་ལ་བསྟོད་པ་འཆི་མེད་དབྱར་གྱི་རྔ་སྒྲ།
  • ལེ་ཚན་རྗེས་མ།:བྲོ་ཐང་།