བྲོ་ཐང་།

གཞི་ཚང་ཟླ་བ་གྲགས་པ།        2023-08-28

བྱེ་མའི་ཁང་ཚོམས་བཅའ་བའི་རི་གཤོང་ནས།།

རི་ཆུའི་ཟློས་གར་འཁྲབས་ཏེ་སེམས་འགུལ་ཐེབས།།

ཨ་འཐས་བྲག་རི་གཞོམ་པའི་གཡུལ་ས་ནས།།

རྒོད་པོ་དབྱིངས་སུ་འཕུར་ཏེ་དད་མོས་འདྲེན།།

མཚོ་ཁར་ངང་ཁྱུ་རུབ་པའི་ལོ་ཟླའི་གཞུང་།།

ངས་ནི་རྒོད་ཚུགས་བགྱིས་ཏེ་འཕུར་ཉམས་གཏོད།།

ཞེན་ཆགས་གཙང་པོའི་རབ་ཁ་མི་ཆོད་དུས།།

སྒལ་ཚིགས་རི་བྲག་ཁེན་ཏེ་ཨུ་ཚུགས་བྱས།།

ངང་ཐུང་འབད་པས་ཐོབ་པའི་མི་ཚེ་ཀྱེ།།

བདག་གི་རྟིང་མའི་ལོག་མལ་གང་དུ་མཆིས།།

ཆ་མེད་རྒྱུན་དུ་འདྲིས་པའི་ལས་དབང་ལགས།།

བདག་གི་མ་འོངས་ལམ་ཕྲན་གང་དུ་དྲངས།།

ཉི་འོད་གསལ་ཚེ་སྦྲང་མའི་གཤོག་འགྱུར་ངོམ།།

ཟླ་འོད་བསིལ་ན་ཀུ་མུད་འདབ་མ་རྒྱས།།

རི་ལ་མུན་སྨག་འཁྲིགས་པའི་བར་གླག་ནས།།

སེམས་ཀྱི་མདུད་པ་མ་གྲོལ་ཡུན་རིང་འགོར།།

འཇའ་ཚོན་ཤམ་ལྭ་བགྱིས་པའི་ལོ་ཆུང་རྣམས།།

འདི་ནས་འཚོགས་ཏེ་ཕན་ཚུན་ལག་རྡང་སྦྲེལ།།

ཕྱག་ཟུང་རྐེད་པའི་མཉེན་ལྕུག་མིག་ལམ་མཛེས།།

ཞབས་གཉིས་མཉམ་པོའི་རྡོག་སྒྲ་རྣ་བར་སྙན།།

གཡར་ངོ་དུང་ཟླས་འོད་ཟེར་མ་སྤྲོ་ཀྱེ།།

མེ་ཏོག་ཉི་དགས་བལྟ་བར་མི་བཟོད་ལགས།།

གཡེར་བག་མིག་གིས་ཟིམ་མེར་མ་གཟིགས་ཀྱེ།།

རྟོག་ཚོགས་མུན་སྨག་གྲོང་ནས་ང་རང་དཀའ།།

འཁྲིས་ཀྱི་ཆུ་འདི་དར་གྱིས་བསྡུམས་གྱུར་ཀྱང་།།

གཞོན་པའི་སྒོ་ལ་དབྱར་ཀའི་སྣང་བ་རྒྱས།།

དགུང་གི་ཉི་མ་ནུབ་ལ་མི་འགྱང་ཡང་།།

རྒན་པོས་དགའ་བདེ་བསྔལ་བའི་རྣམ་པ་མཛེས།།

མཉེན་མོའི་ངག་གླུ་ལོངས་ཞེས་མི་སྐུལ་རོགས།།

ཚེ་རབས་ལས་ཀྱིས་ལན་གཅིག་ལྐུགས་པར་གྱུར།།

དགོང་སྲོད་བྲོ་གར་འཁྲབ་ཅེས་མི་སྨྲ་རོགས།།

ཞབས་ལག་གྲུམ་པའི་ཨ་ཇོ་སྐྱོ་ནས་ཡོང་།།

ལྷན་ཅིག་འཛོམ་པ་སྐལ་བ་བཟང་སོང་ཞེས།།

ཆོལ་གསུམ་སྐོར་བྲོ་སླར་ཡང་འཁྲོབས་དང་ཀྱེ།།

ཤིན་ཏུ་མི་དྲོ་རབ་ཏུ་མི་འཁྱག་པའི།།

ཉིན་སྲིབ་གུང་ནས་ལྟད་མོ་བལྟ་བར་སྤྲོ།།

སྒྱུ་མའི་གྲུ་ལ་ཞུགས་པའི་ལམ་པ་ངས།།

ཕར་རྒྱབ་ཉི་མའི་འོད་རླབས་མི་མཐོང་ཡང་།།

གནམ་སའི་མཚམས་སུ་ཚེ་མཇུག་ལོག་མལ་འཚོལ།།

ཉམས་རྟོག་གང་ཤར་མགུར་མའི་དབྱངས་ལ་འཐེན།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:རྒྱང་རིང་གི་ཟེགས་མ་ནག་མོ།
  • ལེ་ཚན་རྗེས་མ།:རེ་བའི་རི་མོ།