འབྲུབ་འགོག་ལ་གྲ་སྒྲིག་ཡོད་པས་འཇིགས་སྣང་བསྐུལ་ཡང་ཉེན་ཁ་མ་བྱུང་།

        2023-08-28

དུང་དཀར་ལུང་པའི་ལྗོངས་ཁུལ་གྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ལས་གཡོལ་བའི་དངོས་བྲིས།

འབྲུབ་འགོག་ལ་གྲ་སྒྲིག་ཡོད་པས་འཇིགས་སྣང་བསྐུལ་ཡང་ཉེན་ཁ་མ་བྱུང་།

གནོད་རྗེས་གོ་རིམ་ལྡན་པའི་ངང་གཙང་སེལ་ལས་དོན་སྤེལ་བཞིན་པ།


“9•5”ལྕགས་ཟམ་ཁའི་ས་འགུལ་གྱིས་ཤུགས་རྐྱེན་ཐེབས་པས་དུང་དཀར་ལུང་པའི་ས་གཤིས་ཁོར་ཡུག་ཉམས་ཞན་དུ་གྱུར་ནས་ཆར་ཆུ་བབས་དྲགས་ན་ས་གཤིས་རི་ཉིལ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་རང་བྱུང་གནོད་འཚེ་ཐོན་སླ་པོ་ཡོད། སྤྱི་ཟླ8པའི་ཚེས19ཉིན་གྱི་དགོང་མོར། དུང་དཀར་ལུང་པར་དུས་ཚོད24ཡི་རིང་ལ་ཆར་ཆུ་འབབ་ཚད་ཧའོ་སྨི59.5ལ་སླེབས། ཚེས20ཉིན་གྱི་ཐོ་རེངས་སུ་འབོ་ཞབས་གྲོང་རྡལ་འཆམ་མཐུན་གྲོང་ཚོ་དང་པའེ་དབྱང་ཕིང་གྲོང་ཚོའི་གྲོག་རོང་དུ་སྔ་རྗེས་སུ་རི་ཉིལ་བ་དང་དེ་རྗེས་དྲག་ཆར་བབས་ནས་འདམ་རྡོའི་ཆུ་རུད་བྱུང་སྟེ་མི900ལྷག་གི་ཚེ་སྲོག་དང་རྒྱུ་ནོར་ལ་འཇིགས་སྣང་བསྐུལ་བ་རེད།

ཉེན་ཁ་ཆེ་བའི་འགག་རྩའི་དུས་སུ། དུང་དཀར་ལུང་པ་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱིས་གནད་སྨིན་ཉེན་བརྡ་བཏང་བ་དང་། གྲོང་རྡལ་དང་གྲོང་ཚོས་མགྱོགས་མྱུར་བྱ་སྤྱོད་སྤེལ་བས་མང་ཚོགས900ལྷག་ཉེན་ཁ་ལས་འབྲོས་བྱོལ་ཐུབ་པ་དང་འདམ་རྡོའི་ཆུ་རུད་མ་ཐོན་སྔོན་ཚང་མ་ཉེན་མེད་ཁུལ་དུ་སྤོས་ནས་ཤི་རྨས་གཅིག་ཀྱང་མ་བྱུང་།

གོ་རིམ་ལྡན་པའི་སྒོ་ནས་གནོད་སེལ་ལས་དོན་སྤེལ།

འཆམ་མཐུན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཞུས་ཁང་ཆུང་གིས་སྤྱི་ཟླ8པའི་ཚེས20ཉིན་གྱི་ཐོ་རེངས་ལ་དྲག་ཆར་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་བར་ཕྱིར་དྲན་བྱེད་སྐབས“མི་མང་པོ་ཞིག་གཉིད་ལས་བསྐྲོགས་པ་རེད། གལ་ཏེ་ཆུ་ཚོད་ཕྱེད་ཀ་ཙམ་འགོར་ཚེ་མཇུག་འབྲས་བསམ་ཡུལ་ལས་འདས་པ་འབྱུང་རྒྱུ་རེད”ཅེས་བཤད།

འཆམ་མཐུན་གྲོང་ཚོ་ནི་རི་ཁུལ་དུ་གནས་པ་དང་ཉེ་འཁོར་དུ་ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་བྱེད་ས་མང་པོ་ཡོད་པ་རེད། ད་ཐེངས་དྲག་ཆར་བབས་རྐྱེན་ལེའོ་ཧྲི་ཕིང་སོགས་ས་ཁོངས་སུ་འཕྲལ་མར་འདམ་རྡོའི་ཆུ་རུད་ཐོན་ནས་ཁང་པ3བརྡིབས་པ་དང་ཁང་མིག57ལ་ཆག་སྐྱོན་ཐེབས། ཁྱིམ་ཚང25ལ་གནོད་སྐྱོན་ཕོག་པ་དང་གྲོང་ཚོའི་བགྲོད་ལམ103དང་གྲོང་སྡེའི་ལམ་འགྲམ་གྱི་རྩིག་པ3བཅས་བརྡིབས་པ་རེད། མཛེས་ལྗོངས་ཁུལ་གྱི་གཞུང་ལམ་འགྲམ་གྱི་ཆུ་རགས་དང་ཆུ་སྦུག་སོགས་སྨི4450ལ་ཚད་མི་འདྲ་བའི་གཏོར་སྐྱོན་ཐེབས། ཁང་པ་དང་རྒྱུ་ནོར་ལ་གཏོར་སྐྱོན་ཐེབས་ཀྱང་འདམ་རྡོའི་ཆུ་རུད་མ་ཐོན་གོང་གི་དུས་ཚོད་ཕྱེད་ཀ་ཙམ་གྱི་ནང་དུ་དུད་ཚང223ཀྱི་མང་ཚོགས722ཚང་མ་ཉེན་མེད་ཁུལ་དུ་ཕྱིར་འཐེན་ཐུབ་པ་རེད། ཞུས་ཁང་ཆུང་གིས་བཤད་རྒྱུར“གོང་རིམ་གྱི་འཚུབ་བསྟུན་འབྲུབ་འགོག་ལམ་སྲོལ་དོན་དུ་འཁྱོལ་བས་ད་གཟོད་ཤི་རྨས་གཅིག་ཀྱང་མ་བྱུང་བ་རེད”ཅེས་སེམས་འགུལ་ཐེབས་པའི་ངང་བཤད།

སྤྱི་ཟླ8པའི་ཚེས19ཉིན་གྱི་དུས་ཚོད17ཐོག། དུང་དཀར་ལུང་པ་ལྗོངས་ཁུལ་དོ་དམ་ཨུ་ལྷན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་གནམ་གཤིས་ཀྱི་ཚུར་ལན་ཆ་འཕྲིན་ལ་གཞིགས་ནས“དྲག་ཆར་གྱི་ཉེན་ཟོན་སྔོན་བརྡ”གཤམ་བསྒྲགས་བྱས་པ་དང་། ཡུལ་ཤོག་དང་གྲོང་རྡལ་ཁག། འབྲེལ་ཡོད་སྡེ་ཚན་བཅས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་པ། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་བསྐྱར་ཐོན་གནོད་འཚེ་ཐོན་པར་དོགས་ཟོན་བྱ་རྒྱུར་དོ་སྣང་བྱ་དགོས་པའི་བླང་བྱ་བཏོན་པར་མ་ཟད། ཆར་པ་བབས་ཚད་ཆེ་བའི་འབོ་ཞབས་གྲོང་རྡལ་ལ་ཁ་པར་བརྒྱབ་ནས་ཆར་པ་བབས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

སྤྱི་ཟླ8པའི་ཚེས20ཉིན་གྱི་ཐོ་རེངས་སུ། དུང་དཀར་ལུང་པ་ལྗོངས་ཁུལ་དོ་དམ་ཨུ་ལྷན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་སླར་ཡང་ཆར་པ་བབས་ཚུལ་བརྡ་ཁྱབ་དང་ས་གཤིས་གནོད་འཚེའི་ཉེན་ཟོན་སྔོན་བརྡ་བཏང་བར་མ་ཟད། རིམ་པ་གསུམ་པའི་འཕྲལ་སྡོམ་བྱ་སྤྱོད་སྤེལ་ནས་འབོ་ཞབས་གྲོང་རྡལ་གྱིས“ཉེན་གཡོལ་གསུམ”དང“འཕྲལ་འཐེན་གསུམ”གྱི་བླང་བྱ་ལྟར་འཆམ་མཐུན་གྲོང་ཚོ་དང་པའེ་དབྱང་ཕིང་གྲོང་ཚོའི་གནོད་ཐེབས་མང་ཚོགས། ལྗོངས་ཁུལ་ལམ་རྒྱུད་ཀྱི་ཨར་ལས་མི་སྣ་དང་ཁེ་ལས་མི་སྣ་བཅས་འཚུབ་བསྟུན་གནས་སྤོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ལ་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

སྟོབས་ཤུགས་གཅིག་ཏུ་བསྒྲིལ་བས་ཉེན་གཡོལ་ལས་ཆོད་ཆེ།

སྤྱི་ཟླ8པའི་ཚེས19ཉིན། གནམ་གཤིས་སྡེ་ཚན་དང་ཆུ་བེད་སྡེ་ཚན། དུང་དཀར་ལུང་པ་ལྗོངས་ཁུལ་དོ་དམ་ཨུ་ལྷན། གྲོང་རྡལ་སྲིད་གཞུང་སོགས་ཐབས་ལམ་མི་འདྲ་བའི་ཐོག་ནས་བཏང་བའི་གནམ་གཤིས་སྔོན་བརྡ་འབྱོར་རྗེས་ཞུས་ཁང་ཆུང་གི་སེམས་ནང་དུ་བྲེལ་འཚུབ་ཆེན་པོ་སྐྱེས། མོ་གཉིད་ལས་བསྐྲོགས་རྗེས་ཆར་ལྭ་གྱོན་ཏེ་ཕྱིར་སྐོར་ཞིབ་བྱེད་པར་སོང་། འགྲོ་ཞོར་དུ་ཁ་པར་བརྒྱབ་ནས་སྔ་རྗེས་སུ་གྲོང་ཚོའི་ལས་བྱེད་པ་དང་ལྟ་ཞིབ་པ་གཉིད་ལས་བསྐྲོགས་པ་རེད། ཆར་པ་ཇེ་ཆེར་སོང་བ་དང་བསྟུན་ནས་འཆམ་མཐུན་གྲོང་ཚོའི་ས་གནས་སོ་སོར་མི་མངོན་པའི་རྐྱེན་ངན་བྱུང་སར་གློག་འོད་ལམ་མེར་འཕྲོ་བཞིན་འདུག་པ་ལས་ལྟ་ཞིབ་པ་དང་གྲལ་བཤེར་པས་བྱ་སྤྱོད་སྤེལ་འགོ་ཚུགས་པ་ཤེས་ཐུབ།

སྤྱི་ཟླ8པའི་ཚེས19ཉིན་གྱི་ཆུ་ཚོད23ཙམ་ལ་དྲག་ཆར་བབས་ཤིང་། ཞུས་ཁང་ཆུང་ལ་འཚུབ་བསྟུན་དོ་དམ་ཁོའོ་ཡི་ལས་རེས་མི་སྣའི་ཁ་པར་འབྱོར་ནས་འཆམ་མཐུན་གྲོང་ཚོའི་ཁོངས་གཏོགས་ཁུལ་དུ་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་སོགས་ཉེན་ཁ་ཡོད་པའི་སྔོན་བརྡ་བཏང་བ་རེད། འབོ་ཞབས་གྲོང་རྡལ་ཏང་ཨུ་ཧྲུའུ་ཅི་དང་དེ་བཞིན་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱི་མགོ་ཁྲིད་གཞན་དག་གིས་སྔ་རྗེས་སུ་ཁ་པར་བརྒྱབ་ནས“རྒྱུ་ནོར་ལ་བདག་བྱེད་མི་དགོས། གྲོང་མི་ཚོ་མགྱོགས་མྱུར་ངང་ཕྱིར་འཐེན་བྱོས”ཞེས་བཤད།

ཞུས་ཁང་ཆུང་གིས་འཕྲལ་མར་ས་གཤིས་གནོད་འཚེ་ཕོག་ཡུལ་གྱི་ལྟ་ཞིབ་པར་ཁ་པར་བརྒྱབ་ནས་བདའ་བཏང་བ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་མི་སྣ་འཛོམས་པ་དང་ཆབས་ཅིག་མི་དེ་དག་སྒོ་རྡུང་མཁན་དང་ཁ་པར་རྒྱག་མཁན་གྱི་ཚོ་ཆུང་གཉིས་སུ་ཁག་བགོས་ཏེ་ལས་དོན་སྤེལ། གྲོང་སྡེའི་ལས་བྱེད་པས་དྲག་ཆར་ཁྲོད་དུ་དུས་ཚོད་དང་བང་འགྲན་བཞིན་གཉིད་ལས་བསྐྲོགས་པའི་གྲོང་མི་རྣམས་ཀྱང་སྒོ་རྡུང་མཁན་གྱི་གྲལ་དུ་བཙུད་ནས་མི་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཉེན་མེད་ཁུལ་དུ་ཕྱིར་འཐེན་བྱས་པ་རེད། དེ་ལྟར་ཕན་ཚུན་རོགས་རམ་འོག་དགོང་མོའི་དུས་ཚོད་གསུམ་པའི་སྐབས་སུ་འཆམ་མཐུན་གྲོང་ཚོ་རུ་ཁག་གཉིས་པའི་དུད་ཚང་དང་བཟོ་པ20བདེ་འཇགས་ངང་ཉེན་མེད་ཁུལ་དུ་སྤོས་པ་རེད།

འཆམ་མཐུན་གྲོང་ཚོ་རུ་ཁག་གཉིས་པའི་གཅེན་མོ་ལིའུ་ལགས་ཀྱིས་བཤད་རྒྱུར། “ང་ཚོ་ནི་དགོང་མོ་གྲོང་ཚོའི་ལས་བྱེད་པས་ཁ་པར་རྒྱག་པ་དང་སྒོ་བརྡུངས་ནས་གཉིད་ལས་བསྐྲོགས་པ་རེད། ང་རང་སྒོ་འགྲམ་དུ་སླེབས་སྐབས་ཧྲུའུ་ཅི་ཞུས་ལགས་ཀྱིས་ལམ་ནང་དུ་ཕར་འགྲོ་ཚུར་འོང་བྱས་ནས་སྐོར་ཞིབ་བྱེད་བཞིན་འདུག། དེ་རིང་སྔ་མོ་ནས་མོས་ཨར་ལས་རུ་ཁག་གི་རྐོ་འདྲུའི་འཕྲུལ་འཁོར་ལ་འབྲེལ་བ་བྱས་ནས་འགྲོ་ལམ་བཤངས་ཐབས་ལ་མཐུན་སྦྱོར་བྱེད་བཞིན་འདུག” ཅེས་བཤད།

གཅེན་མོ་ལིའུ་ལགས་ཀྱིས“ད་ཐེངས་ཉེན་ཁ་ལས་གཡོལ་ཐུབ་པ་དེ་ནི་གྲོང་རྡལ་ནང་གི་ལས་རེས་མི་སྣས་མགྱོགས་མྱུར་ངང་སྔོན་བརྡ་གཏོང་ཐུབ་པ་དང་གྲོང་ཚོའི་ལས་བྱེད་པས་འཕྲལ་མར་བྱ་སྤྱོད་སྤེལ་བ། ད་དུང་དུས་རྒྱུན་དྲིལ་བསྒྲགས་ལེགས་པོ་བྱས་པ་དང་མི་ཀུན་གྱིས་སྟོབས་ཤུགས་གཅིག་སྒྲིལ་བྱས་པས་ད་གཟོད་ཤི་རྨས་གཅིག་ཀྱང་འབྱུང་མེད་པ་མངོན་འགྱུར་བྱུང་བ་རེད”ཅེས་བཤད།

འབྲུབ་འགོག་བྱེད་པར་རྒྱུན་དུ་གྲ་སྒྲིག་ཡོད་དགོས།

རྒྱལ་ཁ་ནི་སྟེས་དབང་ཞིག་ག་ལ་ཡིན། ད་ལོ་ནས་བཟུང་དུང་དཀར་ལུང་པ་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱིས“6•26”དང“7•3” “8•5” “8•11”སོགས་ཆུ་འབྲུབ་ཉེན་སེལ་ཐུབ་པའི་དཔེ་མཚོན་དང་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པ་དང་། ཞིང་ཆེན་དང་ཁུལ་གྱི་ས་གཤིས་གནོད་འཚེ་བཀོད་འདོམས་པུས་རྒྱུན་རྣམ་ཅན་དང་དུས་ངེས་མེད་ངང་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གྱི་བླང་བྱ་ལྟར་གནད་དོན་གྱི་སྟོན་ཕྱོགས་ལ་བརྟེན་ནས་འབྲུབ་འགོག་གནོད་སེལ་ལས་དོན་གྱི་ཞན་ཆ་ཐག་གཅོད་བྱས་པ་དང་། ས་གཤིས་གནོད་འཚེའི་དྲིལ་བསྒྲགས་གསོ་སྦྱོང་དང་འཁྲབ་སྦྱོང་བྱས་པ་བརྒྱུད། རྒྱ་ཆེ་བའི་ལས་བྱེད་པ་དང་ལྟ་ཞིབ་པ། མང་ཚོགས་བཅས་ཀྱིས་གནོད་འཚེ་ངོས་འཛིན་དང་གནོད་འཚེ་སྔོན་འགོག། གནོད་འཚེ་ལས་གཡོལ་བ། གནོད་སེལ་འདུ་ཤེས་དང་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

དུས་མཚུངས་སུ། གཞི་རིམ་མང་ཚོགས་དང་ལྟ་ཞིབ་པའི་ལས་ཀའི་ཧུར་བརྩོན་རང་བཞིན་དང་འགན་འཁྲི་འཁུར་སེམས་འདོན་སྤེལ་གང་ལེགས་བྱས་ཏེ། ཡུན་ཐུང་དང་འཕྲལ་མར་སྔོན་བརྡ་གཏོང་ཡུན་མཐོར་འདེགས་དང་། “གཉིད་ལས་སྐྲོག་པར་ཨ་ལན་ཡོད་པ”དང“གཤེ་གཤེ་གཏོང་བའི་སྐད་སྒྲ་ལས་ངུ་འབོད་མེད་པ”ཡི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ།“བོས་ན་ཨ་ལན་ཡོད་པ”འགན་ལེན་བྱས་ནས “མགྱོགས་པོར་འབོད་པ་དང་ཨ་ལན་མགྱོགས་པ”མངོན་དུ་འགྱུར་བར་བྱས་ཏེ། ལས་དོན་སྔ་ནུར་བྱེད་པ་དང་བྱེད་ཐབས་རིམ་གཅིག་སྤར་ནས་ཐེངས་རེའི“འཚུབ་བསྟུན་རྒྱུགས་ལེན”ལ“དཔྱད་གཞིའི་རྒྱུགས་ལན”གྲ་སྒྲིག་ཡོད་པ་བྱས་པས་ཉེན་གཡོལ་འདམ་རྡོའི་ཆུ་རུད་ལ་ཤི་རྨས་གཅིག་ཀྱང་མེད་པ་ཡང་བསྐྱར་མངོན་དུ་གྱུར་བ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་དུང་དཀར་ལུང་པའི་ས་གཤིས་གནོད་འཚེ་ལས་ཁང་པ3བརྡིབས་པ་དང་ཁང་མིག57ལ་ཆག་སྐྱོན་ཐེབས། ཁྱིམ་ཚང25ལ་གནོད་སྐྱོན་ཕོག་པ་དང་གྲོང་ཚོའི་བགྲོད་ལམ103དང་གྲོང་སྡེའི་ལམ་འགྲམ་གྱི་རྩིག་པ3བཅས་བརྡིབས་པ་རེད། ལྗོངས་ཁུལ་གྱི་གཞུང་ལམ་འགྲམ་གྱི་ཆུ་རགས་དང་ཆུ་སྦུག་སོགས་སྨི4450ལ་ཚད་མི་འདྲ་བའི་གཏོར་སྐྱོན་ཐེབས། དུད་ཚང་མང་པོའི་ཁང་པ་ལ་གཏོར་སྐྱོན་ཕྲན་བུ་ཕོག་ནས་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་ཐེབས་པ་རེད། འོན་ཀྱང་ཉེན་ཟོན་སྔོན་བརྡ་དུས་ཐོག་ཏུ་བཏང་བར་བརྟེན་མང་ཚོགས900ལྷག་རྒྱལ་ཁའི་ངང་གནས་སྤོ་བྱས་པ་དང་འདམ་རྡོའི་ཆུ་རུད་ལས“ཤི་རྨས་གཅིག་ཀྱང་མ་བྱུང་བའི”བྱས་རྗེས་བཞག་ཡོད་པ་རེད།

གནོད་འཚེ་ཐོན་རྗེས་དུང་དཀར་ལུང་པ་ལྗོངས་ཁུལ་དོ་དམ་ཨུ་ལྷན་དང་འབོ་ཞབས་གྲོང་རྡལ་ཏང་ཨུ་སྲིད་གཞུང་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་མཚམས་མ་ཆད་པར་སེམས་གསོ་བྱེད་པ་དང་གནོད་སྐྱོན་ཞིབ་དཔྱད། ཉེན་སེལ། གཙང་སེལ། བཀོད་སྒྲིག་སོགས་ཀྱི་ལས་དོན་ནང་མགྱོགས་མྱུར་ཞུགས་ནས་གནོད་སེལ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།།

(རྟ་མགྲིན་རྡོ་རྗེས་བསྒྱུར།)


  • ལེ་ཚན་སྔོན་མ།:བོད་ཟས་སྐོར་གྱི་བསམ་ཚུལ་ཐན་ཐུན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།