ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བཏུས་འདི་པར་འགྲེམས་བྱས།

    ཀྲུང་དབྱང་བོད་སྐད་རླུང་འཕྲིན།    2023-09-26

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད།

བཟོ་པའི་གྲལ་རིམ་ནི་རང་རེའི་ཏང་གི་གྲལ་རིམ་གྱི་རྨང་གཞི་བརྟན་ཤོས་དང་བློས་འཁེལ་ཤོས་ཡིན་ཞིང་། བཟོ་ཚོགས་ཀྱི་ལས་དོན་ནི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་རྒྱུན་ལྡན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ཡུན་རིང་སྲིད་སྐྱོང་བའི་གྲལ་རིམ་གྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་དམིགས་ཏེ། ཏང་གིས་བཟོ་ཚོགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཟོ་ཚོགས་གོང་འཕེལ་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ། ཏང་གི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ལས་དོན་ལ་མཐོང་ཆེན་དང་སྐུལ་འདེད་ཤུགས་ཆེན་བཏང་བ་བཅས་བྱས་ནས། དུས་རབས་གསར་པའི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ལས་དོན་ཀྱི་རྣམ་པ་གསར་པ་བཏོད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་ལ་དམ་པོར་གཞིགས་ཏེ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་གནང་བ་དེ་དག་གཟིགས་རྒྱང་རིང་བ་དང་ནང་དོན་ཕུན་སུམ་ཚོགས་པ། དགོངས་དོན་གཏིང་ཟབ་པ་བཅས་ཡིན་པས། ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་གྱི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་ཡོད། དེས་མར་ཁེ་སི་རིང་ལུགས་ཀྱི་བཟོ་པའི་གྲལ་རིམ་དང་བཟོ་པའི་ལས་འགུལ་གྱི་རིགས་གཞུང་ཕུན་སུམ་ཚོགས་སུ་བཏང་ཡོད་པ་དང་། དུས་རབས་གསར་པའི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ལས་དོན་གྱི་གསར་གཏོད་གོང་འཕེལ་དང་། ལས་བཟོ་པ་ཁྲི་སྟོང་མང་པོར་མཐུན་སྒྲིལ་སྐུལ་སློང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

《རྣམ་བཤད་གཅེས་བཏུས》དེ་ཆེད་སྒྲིག་8ལ་དབྱེ་ཡོད་པ་དང་། ཁྱོན་རྣམ་བཤད་དུམ་བུ་240འཁོད་ཡོད་པ། དེ་དག་བློ་མཐུན་ཞི་ཅིན་ཕིང་གི་ 2012ལོའི་ཟླ་11པའི་ཚེས་15ཉིན་ནས་2023ལོའི་ཟླ་7པའི་ཚེས་7བར་གྱི་སྙན་ཞུ་དང་། གསུང་བཤད། གསལ་བཤད། ཤིས་འཕྲིན། འཕྲིན་ལན། མཛུབ་སྟོན། མཆན་འགོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་70ལྷག་ཙམ་ནས་བཏུས་པ་ཞིག་རེད། དེའི་ནང་གི་རྣམ་བཤད་ཁག་གཅིག་ཡོངས་བསྒྲགས་སུ་སྤེལ་ཐེངས་ཐོག་མ་ཡིན་པ་རེད། །


  • ལེ་ཚན་སྔོན་མ།:ཁུལ་ལུས་རྩལ་འགྲན་བསྡུར་སྐབས་བཞི་པའི་འཕྲིན་གསར།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༣༧ ༽
  • དོ་སྣང་ཆེ་བའི་རྩོམ།