སེམས་ཀྱི་ནང་མ།

ལོ་ཤུལ་བཀྲ་ནོར།        2023-09-25

ཁྱེད་ཞལ་སྙིང་ལ་ཚེས་ནས།།

ཐུགས་ཁྲལ་བག་ཆགས་འཐོར་བས།།

ཚོར་ཤེས་གཉུག་མའི་སྣང་བ།།

ཁྱེད་ལ་ཉེ་ཉེ་བྱུང་སོང་།།

མོ་གཞོན་ཁྱེད་ལ་སྨིན་པའི།།

ལང་ཚོའི་གཟི་བྱིན་ཚ་པོ།།

འཇམ་པའི་ངང་གཤིས་བཟང་པོ།།

འདང་ལ་བབས་པ་གནང་བྱུང་།།

ཞལ་རས་འཁོར་ཙམ་གནང་བས།།

སྤྱན་གྱི་མཚར་སྡུག་ཕྱེས་བྱུང་།།

མཛེས་འཛུམ་ཉམས་བརྒྱ་ཁུར་ནས།།

མིག་མཐའ་དེ་ནས་བྱོན་སོང་།།

ཡིད་འཕྲོག་ཁྱེད་རང་མཇལ་བས།།

སེམས་གཞུང་རྒྱ་མཚོ་ལྟ་བུ།།

ཁྱོད་རང་ཤོང་བའི་ཚད་དུ།།

རང་དབང་མེད་པར་བསྐུམས་བཞག།

ཞལ་འཛུམ་འདབ་མའི་སྟེང་ལ།།

སྒྲོལ་མ་སྟོང་སྐུ་འཁྲུངས་ཡོད།།

དད་པའི་ཕྱག་རྒྱ་གཡོས་ཏེ།།

བྱིན་རླབས་གཟིགས་པར་རེ་བཞག།

བདག་ལ་སེམས་ངོ་བསྟན་ནས།།

ཚིག་འཇམ་ངག་གི་སྦྲང་ཆང་།།

ང་ཡི་སེམས་སུ་བླུད་ན།།

ལུས་སེམས་བདེ་བས་ཁྱབ་ཡོང་།།

རྣམ་དག་སེམས་ཀྱི་དར་དཀར།།

ཁྱེད་ཀྱི་མགུལ་དུ་ཕུལ་ན།།

ནང་སེམས་མེ་ལོང་ངོས་སུ།།

ང་རང་ལན་གཅིག་འཆར་རམ།།

ཨ་ལན་དཀོན་པའི་ལོ་ཟླར།།

སྙན་ཚིག་དོན་གྱི་ཕྲེང་བ།།

ཁྱེད་ཀྱི་སྤྱན་ལ་བརྒྱུས་དུས།།

ཞེ་ལ་དྲོད་ཐིགས་བྱུང་ངམ།།

སྐྱེ་བ་འདི་ལ་འཕྲད་དེ།།

ཚིག་གི་ཟིལ་པ་གཙང་མ།།

བརྩེ་བའི་ངག་རིག་མེ་ཏོག།

འདང་གི་དོན་དུ་ཕུལ་ཡོད།།

མི་ལུས་ཐོབ་པའི་དུས་སུ།།

སེམས་པ་སེམས་ལ་གླན་དེ།།

འདྲིས་འདྲིས་བྱུང་ན་མ་གཏོགས།།

མི་ལུས་ཐོབ་ཐབས་དཀའ་ཨང་།།

མ་གཞི་སྒྱུ་མའི་ཁམས་སུ།།

སྟོང་བའི་རང་བཞིན་སྣང་ཡང་།།

ཁྱེད་སྐུ་མེ་ཏོག་མཐོང་བས།།

རྟག་པའི་ཉམས་སྣང་མག་མོག།

འཁོར་བའི་དལ་མགྱོགས་ནང་གི།

བུ་མོའི་གཤིས་ཀྱི་ངང་ཚུལ།།

སེམས་ཀྱི་སྤྱན་རས་ནང་ནས།།

ནམ་ཡང་ཟིམ་པ་མ་བྱུང་།།

སྣང་བའི་ཁམས་ཆེན་གསོ་བའི།།

རྨི་ལམ་རིང་མོ་ཁྱེད་ཡིན།།

ཚོར་སྣང་རླུང་བུ་འཇམ་པོས།།

ལྡིང་སྐོར་རྒྱག་ས་ཁྱེད་ཡིན།།

ཁྱེད་རང་མུ་ནས་བྲིས་ན།།

མི་ལའི་མགུར་འབུམ་ཡིན་འདྲ།།

ཚོར་བའི་ཤུགས་གླུ་ཡིན་འདྲ།།

ཟླ་བའི་བསིལ་ཟེར་ཡིན་ཆོག།

གཡར་མའི་སྐྱེ་བ་འདི་ཡིས།།

ཁྱེད་རང་ལན་གཅིག་མཇལ་བས།།

མཐུན་དེ་འགྲོགས་ཐབས་དཀའ་ཡང་།།

འཛུམ་ཆུང་མཇལ་བས་ཆོག་གོ།།

སེམས་དང་སྣང་བའི་སྲུབ་ཏུ།།

དགའ་བའི་ལས་འབྲས་འཐོར་ན།།

སྐྱེ་བ་ད་ཐེངས་དཀའ་མོད།།

ལུས་རྟེན་གཞན་ལ་བསྒུག་ཆོག།

ཡིད་ཀྱི་དད་འདུན་འགུག་པའི།།

ཞི་བ་དབྱངས་ཀྱི་ལྷ་མོ།།

བུ་མོ་ཀུན་དགའ་མཚོ་མོ།།

ནང་སེམས་སྒུལ་བའི་མི་ཡིན།།



  • ལེ་ཚན་སྔོན་མ།:ཟླ་བརྒྱད་པའིབརྩེ་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།