རྟའུ་ཡི་ཁ་སྐད་སྐོར་རགས་ཙམ་གླེང་བ།

རྟའུ་རྒྱལ་མཚན་གྱིས་བྲིས།        2023-09-26

  རྟའུ་ཡི་ཁ་སྐད་སྐོར་རགས་ཙམ་གླེང་བ།

     དེང་སྐབས་བོད་ཀྱི་སྐད་དང་ཡི་གེ་ལ་རྒྱུས་མངའ་ཅུང་ཙམ་ཡང་མེད་པ་ཁག་ཅིག་གིས་རྟའུ་སྐད་དེ་བོད་སྐད་མ་ཡིན་པར་འདོད་པ་གང་ཞིག་ལ།   ད་དུང་ཆེད་དུ་མིན་པར་སྒྲུབ་པའི་ངལ་བ་བསྟེན་ནས་མིང་གཞན་འདོགས་བཞིན་ཡོད་པ་དཔེར་ན།尔龚语  དང་霍尔语ཞེས་མིང་འགའ་བཏགས་ཡོད། 

    དེས་ན་འདིར་ཐོག་མར尔龚语ཞེས་པའི་མིང་ཚིག་གི་བྱུང་ཁུངས་ལ་དཔྱད་ན། དེ་ནི་རྟའུ་ཡི་ཁ་སྐད་དུ་(  ཨར་རྐོ  )  ཞེས་པ་དེ་སྒྲ་བསྒྱུར་པ་འདྲ། རྟའུ་ཡི་སྐད་དུ་ཨར་རྐོ་ནི་རྟོལ་ལེ་ལ་གོ།  བོད་ཀྱི་གཏམ་དཔེར། རྟོལ་ལེ་ཐུར་ཞེས་སེམས་ཅན་ཀུན་དང་མི་མཐུན་པའི་དཔེ་ལ་རྟོལ་ལེ་ཞེས་འཇོག་སྲོལ་ཡོད་པ་ལྟར།  རྟའུ་སྐད་འདི་ཡུལ་སྐད་གཞན་དང་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་དེ་ལྟར་བཏགས་ཡོད་སྲིད།  马长寿1944ལོར་རྒྱལ་རོང་གི་ས་ཕྱོགས་གང་སར་སོང་ནས་ཡུལ་སྐད་ལ་ཞིབ་འཇུག་བྱས་སྐབས་རོང་བྲག་གི་མི་ཞིག་ལ་རི་འདིའི་ཕར་ཕྱོགས་ལ་གནས་ཡོད་པའི་རྟའུ་ཡུལ་གྱི་མི་ཚོའི་སྐད་གང་ཞིག་རྒྱག་གི་ཡོད་མེད་དྲིས་པས། ལན་དུ་ཁོང་ཚོས་ཨར་རྐོ་ཡི་སྐད་བཤད་ཀྱིན་རེད་ཅེས་ལན་བཏབ་པ་ལ་བརྟགས་ན།  མ་གཞི་རོང་བྲག་གི་ས་ཁུལ་དུ་རྟའུ་སྐད་ཤེས་མཁན་མང་ལ་མི་དེས་ཀྱང་རྟའུ་སྐད་ཤེས་པ་འདྲ།  མི་དེས་མི་དགའ་བའི་རྣམ་འགྱུར་སྟོན་ཆེད། རྟའུ་མི་ལ་ཨར་རྐོ་དང་སྐད་ལ་ཨར་རྐོའི་སྐད་ཅེས་བསྙད་ཡོད་པར་སེམས། འོན་ཀྱང་ཞིབ་འཇུག་པས་སྐད་ཆ་དེར་མ་བརྟག་མ་དཔྱད་པར་དེ་ལྟར་བཏགས་པ་མིན་ནམ་སྙམ།

      རྟའུ་སྐད་ནི་བོད་སྐད་ཡིན་པ་བརྗོད་མི་དགོས་པར་བོད་ཀྱི་གནའ་བོའི་སྐད་བརྡ་དང་ཁ་ཐག་ཆེས་ཉེ་བའི་ཡུལ་སྐད་ཧ་ཅང་གལ་ཆེན་ཞིག་ཡིན། དེང་སྐབས་འཛམ་གླིང་གི་སྐད་བརྡ་རིག་པར་ཞིབ་འཇུག་གནང་མཁན་དག་གིས་ཁ་གཅིག་གྲགས་ཀྱིས་རྟའུ་སྐད་ནི་བོད་ཀྱི་བརྡ་རྙིང་ཞིབ་འཇུག་བྱ་བར་ཆེས་མེད་དུ་མི་རུང་བའི་ཡུལ་སྐད་གཙོ་བོར་ཀུན་གྱིས་ངོས་འཛིན་བྱེད།   དེ་བཞིན་བོད་ཀྱི་སྐད་བརྡ་ལ་མཛད་རྗེས་མངོན་པར་མཐོ་བའི་དགེ་རྒན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་མདུན་སར་རྒྱལ་རོང་གི་སྐད་དང་རྟའུ་སྐད་གཉིས་ལ་ཞིབ་བསྡུར་ཐེངས་མང་བྱས་པ་ལས་རང་ཉིད་རྟའུ་བ་ཞིག་ཡིན་པར་སྤོབས་པ་བརྟས། དེ་བཞིན་ཕྲན་གྱི་དགེ་རྒན་བཀའ་དྲིན་ཅན་ཞོ་ར་བས་ཡང་ནས་ཡང་དུ་རྟའུ་སྐད་ཀྱི་གལ་ཆེན་རང་བཞིན་དང་ལྷག་དུ་བོད་ཀྱི་བརྡ་རྙིང་ཞིབ་འཇུག་ཁྲོད་གོ་གནས་གལ་ཆེན་ཟིན་པ་སོགས་ར་སྤྲོད་ཐེངས་མང་གནང་བ་སོགས་ལས། བདག་ལ་བློ་བསྐྱེད་མི་ཉུང་བ་ཞིག་བྱུང་ལ་རང་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་སྐད་དང་ཡི་གེ་སོགས་ལ་རང་གི་ནུས་པར་བརྟེན་ནས་ཞིབ་འཇུག་བྱེད་འདོད་བྱུང་། སྤྱིར་བོད་ཀྱི་བརྡ་རྙིང་དང་ཁ་ཐག་ཉེ་བའི་ཡུལ་སྐད་མང་མོད། རྟའུ་སྐད་ནི་ལྷག་ཏུ་དམིགས་བསལ་ཞིག་ཏུ་མཐོང་། 

རྟའུ་ཡི་ཁ་སྐད་སྐོར་རགས་ཙམ་གླེང་བ།


དང་པོ། རྟའུ་ཡུལ་སྐད་དང་བརྡ་རྙིང་གཉིས་ཁ་ཐག་ཉེ་ཚུལ་སྐོར་ཅུང་ཙམ་དཔྱད་པ།

     རྟའུ་ཡུལ་སྐད་ནི་བོད་ཀྱི་བརྡ་སྤྲོད་པའི་གཞུང་གི་སྦྱོར་ཀློག་དང་ཤིན་ཏུ་མཐུན་པ་ནི་ས་སྐྱ་བསོད་ནམས་རྩེ་མོས། གང་དང་གང་ལ་གང་བཏགས་པས། །གོ་རིམ་བཞིན་དུ་གནས་ནས་དབྱུང་། །དེ་ལ་ར་མགོ་ལྕེ་རྩེ་འདར། །ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད། །ས་མགོ་སོ་ཡི་བར་ནས་དབྱུང་། །ལྷག་མ་རྣམས་ཀྱང་དེ་བཞིན་ཤེས། །གལ་ཏེ་མ་ཕྱིན་གྱུར་པ་ནི། །ཡི་གེ་ཕྲལ་ཞིང་བརྗོད་པ་བྱ། །ཞེས་གསུངས་བ་ལྟར་དཔེར་ན་འགྲམ་ལ་རྟའུ་སྐད་དུ་འགརམ། བྱམས་པ་ལ་བཡམས་པ། འབྲོག་པ་ལ་འབོརག་པ། ཁྲི་ལ་ཁིར། སྒྲ་ལ་སགར་ཞེས་ཡི་གེ་ཡི་སྐྱེ་གནས་དང་སྒྲ་སྤྱོར་ཀློག་ཇི་བཞིན་དུ་ཐོན།    དེ་ནས་འཕུལ་བ་བསླབ་པར་བྱ། །གས་འཕུལ་ཐོག་མར་རྐན་ནས་དབྱུང་། །དས་འཕུལ་ལྕེ་རྩེ་ཀློད་པ་ལས། །བ་མས་འཕུལ་བ་ཐོག་མར་ནི། །མཆུ་བཙུམ་པ་ལས་ཁྱད་པར་སྣ། །འས་འཕུལ་གྲེ་བའི་ཕུག་ནས་དབྱུང་། །འཕུལ་ཞིང་བརྩེགས་པའི་ཡི་གེ་ཡང་། །གོ་རིམ་བཞིན་དུ་མ་ཕྱིན་ན། །འདི་ཡང་འཕྲལ་ཞིང་བཀླགས་པ་སྟེ། །མཁྲ་ལ་མཁའ་ར་ཇི་བཞིན་ནོ། ། ལྟ་བུ་དང་། སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ལས། སྔོན་འབྲི་གིང་དུ་སྐྱོབ་པ་རིན་པོ་ཆེ་བཞུགས་པའི་ཚེ་གནའ་བོའི་དུས་བཞིན་དུ་ཡིག་ཀློག་ཚུན་ཆད་ཀྱང་བརྩེགས་འཕུལ་སོགས་ཀྱི་སྒྲ་ཟུར་ཕྱིན་པར་འདོན་པའི་སྲོལ་བཟང་པོ་བྱུང་བར་གྲགས་པ་དང་། ཨ་མདོ་དང་རྒྱལ་མོ་རོང་སོགས་བྱང་ཤར་གྱི་ས་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་ལའང་གནའ་བོའི་དུས་སུ་བོད་དབུས་ནས་བྱུང་བའི་ཀློག་ཚུལ་མ་ཉམས་པ་ཡིན་པར་གྲགས་པའི་ཡི་གེ་ཀློག་ཚུལ་དང་། དེ་དག་གི་ཡུལ་སྐད་བཅས་ལའང་གྱོང་ཉམས་ཆེ་ཙམ་ལས་འཕུལ་རྟེན་སོགས་ཀྱི་ཟུར་དག་པར་འདོན་པ་འབྱུང་བར་མངོན་སུམ་གྱིས་གྲུབ་པ་སོགས་ཀྱིས་མཚོན་ནུས་སོ། ། ཞེས་དང་། ཡང་གནའ་བོའི་དུས་སུ་ཡིག་ཀློག་ཙམ་དུ་མ་ཟད་བོད་སྐད་ཉིད་ལའང་སྒྲ་ཟུར་ཐམས་ཅད་མ་ཉམས་པར་འདོན་ཡོད་ངེས། ཞེས་གསུངས་པ་ལྟར།  ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་རྡོ་རིང་བྱང་ངོས་སུ།།  ༄། །ཕྱྀ་བློན་ལ་རྒྱ་ཡིག纰罗ཞེས་སྒྲ་སྒྱུར་བྱས་ཡོད་པ་ཡང་ཕྱྀ་ཡི་མིང་འདོགས་ཕྲལ་ནས་ཕྀ་ཡ་ཞེས་ཀློག་པ་ཞེས་ཀློག་དགོས་པ་དང་། དེ་འདྲའི་སྦྱོར་ཀློག་གི་ཚུལ་ནི་ད་ལྟ་རྟའུ་སྐད་ནང་དུ་ཕྱག་ལ་ཕཡག་དང་། སྦྲ་ལ་སབར། སྒྲ་ལ་སགར། འབྲོག་ལ་འབོརག ། བྱམས་པ་ལ་བཡམས་པ། ཁྲི་ལ་ཁིར། གྲུ་ལ་གུར། སྐར་མ་ལ་སཀར་མ། སྒྲུང་ལ་སགུརང་། འགྲམ་ལ་འགརམ། འབྲུག་ལ་འབུརག ། འབྲས་བུ་ལ་འབརས་བུ་ཞེས་བརྗོད་པ་སོགས་དང་ཤིན་ཏུ་མཐུན།  མགོ་འདོགས་སོགས་ཕྲལ་ནས་ཀློག་པ་ནི་བོད་ཀྱི་གནའ་བོའི་བརྡ་སྤྲོད་པའི་གཞུང་གི་་སྦྱོར་ཀློག་གི་སྦྱི་འགྲོས་དང་མཐུན་པར་རྟའུ་ཡི་སྐད་ལའང་དེ་འདྲ་བའི་སྦྱོར་ཀློག་གི་ཚུལ་མ་ཉམས་པར་ཇི་མ་ཇི་བཞིན་སོར་བཞག་ཏུ་ཡོད་པ་མཁྱེན་དགོས་པར་འདོད།

གཉིས་པ། རྟའུ་ཡི་སྐད་དང་གནའ་བོའི་ཞང་ཞུང་སྐད་བར་གྱི་འབྲེལ་བའི་བརྡ་དོན་འགའ་རེའུ་མིག་དུ་བཀོད་ན། 

ཞང་ཞུང་སྐད།     བོད་ཀྱི་སྤྱི་སྐད།      རྟའུ་སྐད།

ཀ་པ་ལ།           ཐོད་པ།              ཀ་པ་ལ།

མུ་ལ།             གནམ།               མུ།

སླས།              ཟླ་བ།                སླས་ནི།

ནེས།              གཉིས།               ནེས།

སུམ།             གསུམ།               སུམ།

སྣེས།             བདུན།                སྣེས།

གྱད།             བརྒྱད།               གྱད།(  གཡད།)

གུ།               དགུ།                 གུ།

ནེ་ཅུ།             ཉི་ཤུ།                ནེ་སྐག(  ས ཀག)

སྣེས་ཅུ།          བདུན་ཅུ།             སྣེས་སྐག །

ར།               བརྒྱད།               རྱེ།

བརྣས།           གཡར་བ།          བརྣས།

ཁྱེ།                ཐུབ།                ཁྱ།

དབྱེས།           མཛེས་པ།           ཀ་དབྱེས།

ཕྱག              ཡག               ཕྱག 

མྱེད།             མེད།              མྱེད། 

ཆབས་ཅིག       ལྷན་ཏུ།            ཨ་ཅེ།

པྲོམ།              དཀར་པོ།          པྲོམ་པྲོམ།

ཀི་ཆེར།          ཐག་རིང་པ།        ཀི་ཆེར་ཆི།      

     གོང་འཁོད་ཀྱི་རེའུ་མིག་ཏུ་གསལ་བའི་བརྡ་དོན་དེ་དག་ལས་རྟའུ་སྐད་ཀྱིས་བོད་ཀྱི་བརྡ་རྙིང་ཞིབ་འཇུག་པ་དག་ལ་ཞིབ་འཇུག་གི་སྟོང་ཆ་ངེས་ཅན་ཞིག་སྐོང་ཐུབ་བར་ངེས་ཤེས་སྐྱེས་སླ།  བོད་ཀྱི་ཡུལ་སྐད་དེ་དག་ལོག་སྐད་དུ་ངོས་བཟུང་ནས་བེད་མེད་དུ་མི་འཇོག་པར་དེ་དག་གི་རིན་ཐང་ཕྱི་རབས་རྣམས་ཀྱི་ས་བརྟག་ཅིང་དཔྱད་དགོས།


  • ལེ་ཚན་སྔོན་མ།:རིན་ཆེན་བྱུ་རུའི་རྣམ་བཤད་རགས་རིམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།