ཕ་ཡུལ་གྱི་སྟོན་ཀ།

ཆོས་འབྱོར་རྒྱ་མཚོ།        2023-10-09

ཕ་ཡུལ་གྱི་སྟོན་ཀ་ཞེས་པའི་རྩོམ་ཡིག་ཅིག་འབྲི་རྒྱུ་ནི་ཧ་ཅང་དཀའ་ངལ་ཆེ་བའི་ལས་ཤིག་ཅི་ལ་མིན། དེ་རིང་ངས་ཕ་ཡུལ་གྱི་སྟོན་ཀ་ཞེས་པའི་རྩོམ་ཡིག་འདི་འབྲི་ཕྱིར་ཡིག་སྒྲོམ་གྱི་ནང་དུ་ཐ་སྙད་བསྡུ་སྒྲིག་བྱེད་དུས། ཕ་ཡུལ་གྱི་སྟོན་ཀ་འབྲི་ན་ཕ་ཡུལ་གྱི་རྩྭ་ཐང་གདན་དུ་བཀོད་ཅིང་། མཚོ་དང་མཚེའུ་དག་གི་འཁྲིས་ནས་བྲིས་ན་ཚོར་འགྱུ་བརྗོད་མེད་ཅིག་འབྱུང་ངེས་ལ། ཚོར་འགྱུ་དེ་དང་ཐ་སྙད་གཉིས་འདྲེས་ཆགས་ཐབས་བྱུང་ན་རྩོམ་ཡིག་འདི་ལ་རིན་ཐང་གཞལ་བྲལ་ཞིག་མཆིས་པར་རྟོགས་རུང་། སྟེས་དབང་དང་ལས་དབང་གིས་ང་སྐྱེས་ནས་གཞན་ཡུལ་དུ་སྤྱུགས་པ་བཞིན། གཞན་ཡུལ་ནས་རིང་མ་ཐུང་གི་མི་ཚེ་ཧྲིལ་པོ་འདི་རྫོགས་དགོས་བྱུང་ངམ་བསམས་ཏེ་ང་ནི་ཧ་ཅང་སྐྱོ་ཞིང་སུན། འོན་ཀྱང་། དེ་རིང་ཕ་ཡུལ་གྱི་སྟོན་ཀ་ཞེས་པའི་མིང་འདིས་ང་རང་སྐྱེ་སའི་ཕ་ཡུལ་དང་ད་སྔོན་ཐུག་འཕྲད་རེ་འགའ་བྱུང་བ་དྲན་པར་བྱས་ཤིང་། རིམ་གྱིས་ཚོར་སྣང་ཞིག་ལ་ཡུན་རིང་ཞིག་ལ་ང་རང་ཕ་ཡུལ་དུ་འབྱོར་ཐབས་མ་བྱུང་ནའང་། ད་སྐབས་གཞི་ནས་ཕ་ཡུལ་དུ་འབྱོར་སོང་བའི་ཚོར་འགྱུ་བརྗོད་མེད་ཅིག་ལྡང་བྱུང་། དེ་ལྟར་དུས་བཞིའི་འགྱུར་ལྡོག་གི་ཁྲོད་ནས། སྟོན་ཀ་སླེབས་དུས། ངས་ཐོག་མར་ཕ་ཡུལ་གྱི་སྤྲིན་དཀར་མཐོང་ལ། ཕ་ཡུལ་གྱི་སྤྲིན་དཀར་ནི༼ སྐྱོན་གྱིས་མ་གོས་སྐུ་མདོག་དཀར༽ ཞེས་པའི་འཕགས་མཆོག་སྤྱན་རས་གཟིགས་དབང་གི་སྐུ་མདངས་ལ་བསྟོད་ཚིག་ཏུ་བྲིས་པའི་སྙན་ཚིག་དེ་ཁོ་བོའི་ཡིད་དུ་མཆིས་མིན་འདྲི་ལ་ཕེབས་པ་དང་ཀུན་ནས་མཚུངས་ཤིང་། དལ་གྱིས་སྤྲིན་དཀར་དེངས་རྗེས། སྔོ་བསངས་ཀྱི་ནམ་མཁའ་རིན་ཆེན་ཨིན་དྲ་ནཱི་ལི་ཇི་བཞིན་ལྟ་ན་སྡུག། སྐབས་དེ་དུས། ཕ་ཡུལ་གྱི་རྩྭ་རྩི་ཤིང་སེར་མདངས་གསེར་གྱི་ཁུ་བ་བསྒོས་པ་བཞིན་མིག་ལ་ཉི་མ་སྟོང་གི་གཟི་མདངས་སྤྲོ་བ་དང་གཉིས་སུ་མེད་པར་གྱུར་ཡོད། ངའི་ཕ་ཡུལ་གྱི་རྩྭ་ཐང་ནི་ལོ་ཡག་འཁྲུངས་སའི་རོང་པ་ཞིག་གི་ཞིང་ས་ཞིག་དང་འདྲ། ཅིའི་ཕྱིར་ཞེ་ན། ངའི་ཕ་ཡུལ་གྱི་ཡངས་ཤིང་ཆེ་བའི་རྩྭ་ཐང་ལ་རྩྭ་ལྡུམ་ཡིད་དུ་མི་འོང་བའི་རིགས་ཤིག་ལོ་བརྒྱ་ལ་བཙལ་ཀྱང་རྙེད་མི་འགྱུར། དེ་ནི་ཞིང་པ་དག་གིས་ས་ཞིང་སྲོག་སྐྱོབ་བྱས་པ་ལས་མཛེས་ཤིང་སྡུག་ལ། ངའི་ཕ་ཡུལ་གྱི་ཁང་པ་མང་ཤོས་གྱང་རྡུང་བྱས་ནས་བསྐྲུན་པའི་གྱང་ཁང་ཡིན་ཕྱིར། སྟོན་ཀའི་དུས་སུ་གྱང་ཁང་དེ་དག་རོང་ཆེན་ཕྱུག་པོའི་ཞིང་སའི་ནང་ན་ལོ་ཡག་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡུག་གིན་ཡོད་པའི་གསེར་མདངས་ཁུར་བའི་ལོ་ཡག་དང་དགོང་ཨ་སྔོན་གྱི་གསེར་སེར་པོ་ཉི་མ་འབུམ་གྱི་བཀྲག་མདངས་རྒྱས་པ་དང་མཚུངས་པས། ཉིན་བཞིན་ཉི་མ་རི་རྩེ་ནས་འཆར་བའི་དུས་དང་ཉི་མའི་འོད་མདངས་གདོང་ལ་ཕོག་དུས་ཕ་ཡུལ་གྱི་གྱང་ཁང་རལ་པོ་ཚུན་ཆད་ངའི་ཡིད་ཀྱི་མེ་ལོང་གི་ནང་དུ་སྣང་བརྙན་ལ་འཁོར་ཏེ། རྫ་ཆུ་སྔོན་མོའི་འགྲམ་བརྒྱུད་ན་ཕན་ཚུན་ལག་གདང་སྦྲེལ་བ་ལྟ་བུའི་ལྕུག་ཕྲན་གྱི་འཇམ་མཉེན་འདབ་ལོ་དེ་དག་རེ་ཞིག་རྙིད་དེ་མདོག་སེར་པོ་ཐོན་དུས། ཨ་སྤུ་ཞེས་པ་ཞིག་ལ་ཧུ་ཧུ་ཙམ་གྱིས་ནམ་མཁར་སྤུར་འགྲོ་བ་དེའི་ཚུལ་ལ་བསམ་གྱིན་རི་ཁྲོད་བླ་མས་མི་རྟག་པ་དྲན་ཞིང་། བསམ་མནོ་ནར་སོན་མེད་པའི་བྱིས་པ་དག་གིས་ཧ་ཅང་ངོ་མཚར་བ་ཞིག་ཏུ་བསྒོམས་ཏེ།ཧུ་ཧུ་ཞེས་ཏེ་ཨ་སྤུ་དག་ནམ་མཁའི་དབྱིངས་སུ་སྤུར་བ་ལ་ལྟད་མོ་བྱས་ཡོང་བའི་ཁྲོད་དུ་ང་རང་ཆུང་ངུའི་དུས་ཀྱི་འདས་དོན་སྐོར་ཞིག་ཡིད་དུ་འཁོར་སོང་།

མདོར་ན། སྟོན་ཀའི་སྟོན་མཇུག་ཚེས་དུས། དུས་བྱ་ལྷ་བྱ་ཁྲུང་ཁྲུང་དཀར་མོ། གདངས་སྙན་ཁུ་བྱུག་སྔོན་མོ་ལྷོ་ཕྱོགས་མོན་ཡུལ་དུ་སླེབས་འགྲོ་ཞེས་ངག་རྒྱུན་གྱི་བཤད་སྲོལ་ལ་ཡིད་ཆེས་སྐྱེས་ལ། དུས་བྱ་འདི་གཉིས་མོན་ཡུལ་དུ་བྱོན་འགྲོ་ཞེས་ངག་རྒྱུན་དུ་གྲགས་པའི་གཏམ་དེ། ངས་ངའི་ཨ་ནེ་དྲིན་ཆེན་མའི་ངག་སྒོ་ནས་ཐོས་ཤིང་ཨ་ནེས་ང་ལ་བཤད་པ་ཡིན། གཞན་ད་དུང་། བྱི་བ་སྟོན་མཇུག་གི་སྐབས་སུ་གཉིད་དུ་ཡུར་ནས་སང་ལོའི་འབྲུག་སྒྲ་མ་གྲག་པའི་ཡུན་ལ་མི་སད་པ་དང་། དེ་ལྟར་ན། འབྲུག་སྒྲ་ནི་བྱི་བ་གཉིད་ལས་དཀྲོག་པའི་ད་ལྟའི་སློབ་མ་དག་ལ་མཚོན་ན་དུས་ཚོད་ཁ་གྲག་ལྟ་བུ་རེད། ངས་ཨ་ནེ་ལ་ནན་གྱིས་བྱི་བས་དགུན་ཁ་ཟ་མ་ཟ་མི་དགོས་པ་ཨེ་རེད་ཅེས་དྲིས་པ་ན།ཨ་ནེས་ལྟོས་དང་། བྱི་བས་ཁ་ནང་ནས་རྩྭ་མང་པོ་ཁུར་ནས་ཁུང་བུའི་ནང་ལ་འཛུལ་བ་ཨེ་མཐོང་ཐལ། ཁ་ནང་གི་རྩྭ་དེ་དགུན་ཁར་བྱི་བའི་ཟ་རྒྱུ་རེད་ཅེས་བཤད།ད་སྐབས་ཨ་ནེས་སྔོན་ལ་བཤད་པའི་གཏམ་དང་གཞུག་ལ་བཤད་པའི་གཏམ་གཉིས་ལ་འགལ་བ་ཡོད་པ་ཤེས་རུང་། སྐབས་དེ་དུས་ཨ་ནེས་བཤད་པ་ཐམས་ཅད་བདེན་དུ་འཛིན་ཕྱིར། ང་རང་ཆུང་དུས་འབུ་སྲིན་ཆུང་ངུའི་རིགས་གསོད་ལ་སྐྲག་གིན་ཡོད་ཕྱིར། ང་རང་ཤིན་ཏུ་ཆུང་སྟེ། ཕ་ཡུལ་གྱི་རྩྭ་ཐང་ནས་འཚར་ལོངས་འབྱུང་བའི་དུས་སུ། ང་ཡང་ཨ་ནེ་དང་ཁ་མ་གྱེས་པའི་ལོ་དེ་དག་གི་རིང་ལ་སྲོག་ཆགས་ཆུང་ཆུང་ཞིག་ལ་གནོད་པ་ཕྲ་མོ་ཙམ་ཡང་བྱས་མ་མྱོང་། རྒྱུ་མཚན་ནི། ཨ་ནེས་དགོང་མོའི་ནུབ་ཇ་བཏུང་རྗེས། ཕུ་བོ་དང་ཨ་ཅེ། ང་ཚོའི་ལག་པའི་ངོས་སུ་བལྟས་ན་ཉིན་དེར་ཉ་དང་གྲོག་མ་སོགས་སྲོག་ཆགས་ཆུང་ངུ་དག་བསད་ཡོད་མེད་དང་། དེ་དག་ལ་གནོད་པ་བྱས་ཡོད་དཔྱད་པ་བྱེད་ཅིང་། གལ་ཏེ། ས་རུབ་རྗེས་ཨ་ནེ་ཉིན་དེའི་དགོང་མོར་ངེད་ཚང་ལ་ནུབ་ཇ་འཐུང་བ་ལ་འབྱོར་མེད་ན། ཉིན་འགའ་ཡི་རྗེས་ནས་ངེད་ཚང་ལ་འོང་བ་གདོད་མི་ཟ། ཨ་ནེ་ངེད་ཚང་ལ་འོང་ཐེངས་རེ་རེའི་སྐབས། ཉ་དང་གྲོག་མ་སོགས་བསད་ཡོད་མེད་ཞིབ་ཚགས་ལྡན་པའི་ངང་ལག་ངོར་ལྟ་བ་དང་ལག་པར་འབུ་བསད་པའི་དྲི་བཙོག་བྲོ་མིན་ཤེས་པའི་ཚོར་སྣང་ཞིག་ལྡང་ལ། སྐབས་དེ་དུས་ཨ་ནེས་ང་ཚོས་སྲོག་ཆགས་ཆུང་ཆུང་དེ་དག་ལ་གནོད་པ་བྱས་ཡོད་མེད། ཧ་ཅང་གསལ་བོ་ཞིག་ཤེས་པར་ཨ་མས་ང་ཚོ་ལ་ལན་གྲངས་མང་པོའི་ཡུན་ལ་གསུངས་པའི་རྐྱེན་གྱིས་སྐབས་དེ་དུས་ང་ཚོའི་མགོ་ལ་ཞྭ་མོ་མེད་པར་མགོ་རྗེན་ཡིན་ལ། ཐང་ལ་འགྲོ་དུས་མགོ་ལ་འབུས་བཟུང་བ་མ་བཟོད་པར་ལག་པས་ཟ་འཕྲུག་ཟ་སར་འཕྲུག་སྐབས། འབུ་བསད་ཡོད་མེད་ལ་སེམས་ཁྲལ་དང་། གལ་ཏེ། འབུ་བསད་ཡོད་པ་ཨ་ནེས་ཤེས་སོང་ཚེ་ཅི་ཞིག་བྱས་འཇོག་བསམས་ནས་སྐྲག་མྱོང་། དུས་དེ་དུས། ང་རང་ཧ་ཅང་ཆུང་སྟེ། རྟ་ལ་བསྐྱོན་ན་ངུས་ནས་ཐང་ལ་འབབ་མཁན་ཞིག་ཡིན། ངེད་ཚང་དེ་དུས་གྲོང་རྡལ་ནང་དུ་མ་སོང་བར་འབྲོག་ལས་གཉེར་བའི་ཨ་ཁུ་འབྲོག་ཚང་ཞིག་ཡིན། ང་རང་དེ་དུས་ཨ་ནེ་ལ་སྐྲག་ཅིང་ཨ་ནེ་ལ་དུངས། ངེད་ཚང་དང་ཨ་ནེ་ཚང་གི་སྟོན་མཚེར་རི་ལུང་གཅིག་ཏུ་བཞག་ཡོད་པ་ཡིན་ནའང་།ཕ་ཡུལ་གྱི་རི་ལུང་གི་ཁ་ཞེང་ཆེ་བས་ཨ་ནེ་ཚང་དང་ངེད་ཚང་གི་བར་ཐག་རྐང་ཐང་ལ་གཞལ་དགོས་ན་རིང་བའི་ཟོལ་དུ་ཡོད་སྟབས། ཨ་ནེ་ངེད་ཚང་ལ་རྟ་བཞོན་ནས་འོང་ལ། ང་རང་ཨ་ནེ་ཚང་ལ་འགྲོ་དུས་ཨ་ནེའི་པང་དུ་བསྡད་དེ་རྟ་གོང་ནས་ཨ་ནེ་ཚང་ལ་འགྲོ་བཞིན་ཡོད། ཕྱིར་འདང་ཞིག་བྱེད་དུས། ང་དང་ཨ་ནེའི་བར་གྱི་མཇལ་འཛོམས་ཀྱི་དུས་ཡུན་རིང་ཤོས་དང་ཨ་ནེས་ང་ལ་གནངས་བའི་བརྩེ་བ་དྲོད་མོ་དེའང་སྟོན་མཇུག་དང་འབྲེལ་བ་དམ་པོ་བྱུང་འདུག། སྟོན་ཀའི་རྩྭ་ཐང་མཐོང་དུས། ངེད་ཚང་ལ་རྟ་ཕོ་དཀར་པོ་ཞིག་མིང་ལ་ཇོ་ལུ་ཞེས་འབོད་ཡུལ་ཞིག་ཡོད། ཕྱིས་སུ་ངའི་ཨ་ཕྱི། འཇིག་པ་དཀར་ངོགས་དང་གྱེས་བྲལ་བྱུང་རྗེས། རང་དགོན་གྱི་སྤྲུལ་སྐུ་ཆོས་ཉིད་རྡོ་རྗེ་ཞེས་ཞུ་བ་ཨ་ཕྱི་རང་ཉིད་འཇིག་རྟེན་དཀར་ངོགས་སུ་སྡོད་དུས་དད་སའི་རྟེན་ཞིག་མཆིས་པ་ལ་འཕོ་བའི་འདེབས་ཡོན་དུ་ཕུལ་བཞག་པའི་རྟ་ཕོ་ཇོ་ལུ་དྲན་ལ། རྟ་ཕོ་ཇོ་ལུ་ཕྱིས་སུ་ངས་ངེད་ཚང་རྟ་ནོར་དག་གི་ཁྲོད་ནས་དྲན་ཡོང་བའི་བྱོལ་སོང་དམིགས་བསལ་བ་ཞིག་ཡིན་ལ། རྟ་ཕོ་ཇོ་ལུ་གཡུང་སྟེ། ཨ་མས་ང་རང་ཇོ་ལུའི་གོང་དུ་བསྐྱོན་ཏེ། ཨ་མས་ཇོ་ལུ་སྲབ་མདའ་ནས་ཁྲིད་དེ་ངེད་གཉིས་ཀྱིས་ཕྱུགས་ཟོག་ལྷས་རའི་ནང་དུ་རུག་རུག་བྱས་མྱོང་བའི་འདས་དོན་དེ་ཉེ་བའི་ལོ་འགའི་ལོ་སར་གྱི་སྐབས་སུ། ངས་ནུ་བོ་དང་ནུ་མོ་ལ་བཤད་རྗེས། འདས་དོན་དེའང་ངེད་ཚང་དབྱར་མཚེས་ནས་སྤོས་ཏེ་སྟོན་མཚེར་དུ་སྡོད་ཡོད་སྐབས་ཤིག་ཡིན་ཞེས་ཕྱིས་སུ་འདས་དོན་རབ་རིབ་དེའི་དུས་ཚིགས་གསལ་པོ་ཞིག་ཨ་མའི་ངག་ལས་ཐོས། དེ་རིང་། སྲིད་པ་རྫ་སྒང་མཐོན་པོ་འདིའི་དབུ་རྩེ་རུ་བུད་དེ་རི་རྩེའི་སྤྲིན་དཀར་ལ་ལན་གསུམ་ལྟ་དུས་སྟོན་ཀའི་དུས་ཚིགས་འདི་ནི་ང་ཡི་ཡིད་ཀྱི་མེ་ལོང་གི་ནང་ནས་བརྗེད་དུ་མེད་པའི་དུས་ཚིགས་ཤིག་ཏུ་གྱུར་འདུག་པ་ལ་ད་སྔོན་སྟོན་ཀ་འདི་ལ་ཅི་ཡང་བསམ་མནོ་མ་འཁོར་བ་རྟོགས་ཤིང་། ད་ལྟ། ང་ཡིས་རི་སེར་པོ་བླ་མས་དབུ་ཞྭ་གྱོན་འདྲའི་རི་བོ་མཐོན་པོ་འདིའི་རྩེ་ནས་ཨ་མ་ལགས་དང་ཨ་ནེ་ལགས་ཀྱི་སྐུ་ཚེ་ཡུན་རིང་ལ་འཚོ་གཞེས་བྱ་ལ་སྨོན་ལམ་བཏབས་པ་གེགས་མེད་བདེ་ལེགས་སུ་འགྲུབ་པར་ཤོག་ཅིག།



  • ལེ་ཚན་སྔོན་མ།:ངས་ཡང་སྙིང་ཅི་ཞིག་འཚོལ་གྱིན་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།