འཁོར་བའི་གཏིང་རིམ་དཀྲུགས་པའི་སྒྲུང་།

རྫ་ཤུལ་བློ་བཟང་།        2023-10-09

དུང་བའི་གཞས་ཆུང་ལ་ལ་རྒྱང་ནས་ཐོས། །

དྲན་པའི་བརྩེ་འཕྲིན་རེ་འགའ་ལག་པས་བྲིས། །

འཁོར་བའི་ལ་དང་ལུང་པ་བརྒལ་ཞོར་དུ། །

དགའ་སྐྱོ་རླབས་རིས་འཚོལ་ཞིང་འཚོལ་བར་བྲེལ། །

མེ་ཏོག་ལ་ལ་རྒྱང་རིང་ཡུལ་དུ་འཁྲུངས། །

འཛུམ་ཆུང་རེ་འགའ་སེམས་ཀྱི་དབུས་སུ་བཞད། །

སྲིད་པའི་ཉིན་སྲིབ་ཕྱོགས་ཀུན་ཉུལ་བ་ཡིས། །

ཚེ་ཡི་མར་མེའི་འོད་མདངས་གསལ་པོར་མཐོང་། །

ཆོས་པ་འགའ་ཞིག་བས་མཐའི་དགའ་ཚལ་སྙེག །

རྣལ་འབྱོར་རེ་ཟུང་ཚོར་བའི་བདུད་རྩིར་འཁྲི། །

སྐྱིད་ལ་དུངས་ཤིང་སྡུག་ལ་དམོད་པའི་མི། །

འཇིག་རྟེན་སྒྱུ་མའི་ཟློས་གར་མིག་ལམ་རྒྱུ། །

རྟོག་བཏགས་དྲ་བའི་ནང་དུ་ཚུད་པའི་ཕྱིར། །

ཁ་བའི་འདབ་མ་ཆ་རེ་སེམས་སུ་འཁྲུངས། །

དབྱངས་ཀྱི་རྒྱུད་སྐུད་ཁ་ཤས་རྣ་བས་ཐོས། །

མིག་ཆུས་བརླན་པའི་ཕོ་བྲང་དཀར་པོ་བརྩིགས། །

ཚོར་བ་ཆ་ཤས་ནམ་མཁའི་དབྱིངས་སུ་བསྲེས། །

ཚོར་གཞས་རེ་ཟུང་འཁོར་བའི་གྲོང་ནས་བླངས། །

ཚོར་ངད་བདུད་རྩིས་ལུས་སེམས་གཉིས་ཀྱང་ངལ། །

ཚོར་བའི་ཁམས་ལ་སྲིད་པའི་མེ་ལོང་བཏགས། །

སེམས་ཀྱིས་བསྡམས་ཀྱང་སྐད་ཅིག་གྱུར་ནས་སོང་། །

སྤྲོས་པས་མ་ཟིན་དབྱིངས་ཀྱི་ཤོག་བྱ་ཞིག །

ཁུ་སིམ་མཚན་མོའི་ཟླ་འོད་ཇི་བཞིན་དུ། །

ང་ལ་བལྟས་ཏེ་མིག་ཆུ་བཞུར་དང་མཚུངས། །

སྟོང་བསམ་རེ་རེ་རྟོག་པའི་རྨི་ལམ་ཡིན། །

འཁྲུལ་གཟུགས་སྒྱུ་མའི་སྣང་བརྙན་འཆར་ཐེངས་རེ། །

ལག་པས་མ་ཟིན་དབྱངས་ཀྱི་ང་རོ་འཁྱིལ། །

རྐང་པས་མ་བཞག་རྗེས་ཤུལ་རིང་མོ་བྲིས། །

སྡུག་བསྔལ་རེ་རེ་འཁོར་བའི་གྲོང་དུ་འཁྱིལ། །

མིག་ཆུ་རེ་འགའ་གཙང་པོའི་ནང་དུ་བཞུར། །

དགའ་སྐྱོ་ཟུང་གིས་བསླེས་པའི་སྲུང་འཁོར་ཞིག །

ལས་ཀྱི་ཐོད་དུ་བརྐོས་པའི་ཐོབ་སྐལ་ཡིན། །

སྟོན་གྱི་ཟླ་བས་ཚོར་བའི་རྒྱ་མཚོ་དཀྲུགས། །

ཞི་བའི་དབྱངས་ཀྱིས་ངག་གི་མདུད་པ་ལྷོད། །

ཚིག་འབྲུ་འབུམ་གྱིས་གྲུབ་པའི་རྣམ་ཤེས་ལ། །

གླིང་བུ་དཀར་པོས་འགྲོ་རོགས་འདུག་རོགས་བྱས། །

ཁ་བའི་མེ་ཏོག་མགྲིན་པའི་ཁབ་ཏུ་རོལ། །

དབྱངས་ཀྱི་ཟིལ་བ་སེམས་སུ་ཤགས་སེ་ཤགས། །

འདི་རུ་ཞི་བའི་ལྷ་ཚོགས་བཞེངས་འདྲ་བའི། །

སྒྱུ་མའི་ཟློས་གར་སྣ་ཚོགས་ཅི་ཡང་མངོན། །

མ་བྲིས་འཇའ་ཚོན་རི་མོ་གསལ་དང་ལྷན། །

ཡིད་ཀྱི་དངུལ་དཀར་མེ་ལོང་དྭངས་སེ་དྭངས། །

འདི་རུ་གླུ་ཆུང་ལེན་བཞིན་སྐྱོ་གར་གྱིས། །

འཁྲུལ་བའི་ནང་དུ་རྟ་མཆོག་ཅང་ཤེས་བརྒྱུགས། །


  • ལེ་ཚན་སྔོན་མ།:སྟོན་ཟླ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།