སྨན་ལྗོན། 2023-10-07
མཚན་མོའི་སྐར་མའི་ཚོགས་ཀྱི་འགྲམ་ངོགས་ནས།།
མཁའ་ཡི་ཟླ་བའི་བསིར་ཟེར་འཕྲོས་ནས་བྱུང་།།
རླུང་བུ་སྒེའུ་ཁུང་ཕྱོགས་སུ་ལྡང་བ་ན།།
སྡོད་སའི་ཁང་ཆུང་དེ་ཡང་བསིལ་ནས་འདུག།
ཕྱི་རོལ་གྲང་གིས་གཙེས་པའི་ལུས་ངལ་དང་།།
ནང་སེམས་བྲེལ་བའི་ཁྲོད་ཀྱི་སེམས་ངལ་ཁྲོད།།
དུས་བཞིའི་སྟོན་གྱི་ནམ་ཟླ་རིང་མོ་འདིས།།
རིམ་བཞིན་སྙོམས་པའི་དུས་ཤིག་སླེབས་ནས་བྱུང་།།
གྲང་རླུང་ལྷོད་ཀྱིས་ལྡང་བའི་སྟོན་ཟླ་ལ།།
ལོ་མའི་སྲང་ལམ་ཉུལ་ནས་གང་སར་འཐོར།།
ལྗོན་པའི་ཡལ་འདབ་དག་ཀྱང་འགུལ་གྱིན་པས།།
བཀྲ་བའི་མེ་ཏོག་ཀུན་ཀྱང་རིམ་བཞིན་ཡལ།།
ཆུ་བོ་དྭངས་གསལ་བཞུར་བའི་འགྲམ་ངོགས་དང་།།
རི་བོ་ནགས་ཀྱིས་དཀྲིས་པའི་རི་སུལ་དང་།།
ནོར་ཁྱུ་སྤང་ལ་འཚོ་སའི་སྤང་ཐང་སོགས།།
མཛེས་སྡུག་ཡིད་དབང་འཕྲོག་པའི་མདངས་དེ་ཉམས།།
ལྗང་མདོག་རྩྭ་རྩིའི་ཟིལ་པ་མེད་པར་གྱུར།།
ཆར་རླུང་ཐོལ་གྱིས་འབབ་པ་རིམ་བཞིན་སིམ།།
ཉམས་དགའི་རྩྭ་དང་རྩི་ཤིང་ཟེའུ་འབྲུ་བཅས།།
སྐད་ཅིག་རྒུད་པའི་དུས་ཀྱི་ཟླ་ཞིག་ཚེས།།
རིམ་བཞིན་དགུན་གྱི་བ་མོ་འདིར་འོང་པས།།
ཁ་བའི་འདབ་མ་ཕྱོགས་བཞི་ཀུན་ལ་ལྷུང་།།
ཆུ་བོའི་རླབས་རྒྱུན་དག་ནི་གཡོ་མཚམས་བཞག།
མི་ཚོགས་ངོ་གདོང་ཤོར་བས་སྨྲེང་གླུ་བཀུག།
ངང་ཆུང་འདར་སིག་རྒྱག་གིན་མཚོ་འགྲམ་གནས།།
རྒན་པོའི་སྐྲ་ལོ་བསེད་ནས་ནོར་རྗེས་སྙེག།
བྱེའུ་ཚོགས་མཁའ་ནས་འཕུར་བཞིན་ཀུ་ཅོ་སྒྲོག།
སྒོ་ཁྱིའི་ཟུག་སྐད་བརྒྱབ་ནས་ལྷས་མཐར་སྲུང་།།
རྩོམ་གསར། 10