སྟོན་གྱི་མདངས།

ཧུན • དུར་རོ།        2023-10-07

ཅི་དགར་འགྲོ་བའི་དུས་བཞིའི་རང་མདངས་ལས།།

བྱེ་བ་ཕྲག་བརྒྱའི་ཡིད་འཕྲོག་འབྲས་ལྡན་ཁམས།།

རབ་དཀར་ཟླ་བའི་འཛུམ་པ་ལྷག་འཕྲོ་ཅན།།

དུས་ཀྱི་པད་མོ་སྟོན་གྱི་རླབས་སུ་བསྒྲིགས།།

ཕྱོགས་བཞིའི་རྫ་རིའི་དབུ་ཡི་ཕྱིང་ཞྭ་གྱོན།།

ན་བུན་དར་དཀར་གོས་ཀྱང་ལྷག་པར་མཛེས།།

ཁུ་བྱུག་བུ་མོའི་འགྱུར་ཁུག་གླུ་གཞས་ཀྱང་།།

རེ་ཞིག་སྟོན་གྱི་མགྲིན་པའི་སྦུབས་སུ་གནས།།

དབྱར་དུས་གཡུ་ཤིང་ལོ་མ་རི་བོའི་རྒྱན།།

སྟོན་དུས་གཡུ་ཤིང་མེ་ཏོག་ཐང་གི་རྒྱན།།

དགུན་དུས་གཡུ་ཤིང་གྲིབ་མ་སྟོང་ཉིད་དོན།།

སྟོན་འདི་ཡིད་ལ་འཁོར་བའི་ལྷག་མ་ཡིན།།

འཇོལ་མོའི་གཤོག་འགྱུར་དུས་ཀྱི་སོ་ན་མཛེས།།

ལོ་མ་དམར་སེར་སྟོན་གྱི་བཞིན་ན་དཔལ།།

དུས་ཀྱི་མཛེས་པ་སྟོན་གྱི་པང་ན་ཡག།

ང་འདི་སྟོན་ལ་སྐྱེས་པའི་རྣམ་ཤེས་ཡིན།།

དཔྱིད་གསུམ་ཆར་པའི་སྒྲ་འདི་ཡིད་ལ་འཇེབས།།

དབྱར་གསུམ་སྤང་དཀར་མཛེས་སྡུག་མིག་ལ་བབས།།

སྟོན་གསུམ་ཟླ་དང་སྤྲིན་དཀར་ནམ་མཁའི་དཔལ།།

ཡང་གཅིག་སྟོན་གྱི་དཔལ་མོའི་མཛངས་འཛུམ་མཆོད།།



  • ལེ་ཚན་སྔོན་མ།:སྟོན་མཇུག།
  • ལེ་ཚན་རྗེས་མ།:སྟོན་མཇུག་གི་འཆར་སྣང་།