ཞི་ཅིན་ཕིང་གིས་རང་མོས་ཚོང་དོན་འཛུགས་སྐྲུན་ཐད་ལ་འདི་ལྟར་གསུངས།

ཨོ་རྒྱན་གྱིས་བསྒྱུར།        2023-09-28

       ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། ལོ་བཅུའི་རིང་ལ། རང་སོ་སོའི་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། བསམ་བློ་བཅིངས་འགྲོལ་དང་། དྲང་འཛིན་གསར་གཏོད་བཅས་བྱས་ཏེ། རྨང་གཞིའི་རང་བཞིན་དང་། གསར་གཏོད་རང་བཞིན་གྱི་བསྒྱུར་བཅོས་སྒོ་འབྱེད་ཀྱི་བྱེད་ཐབས་འབོར་ཆེན་ཞིག་བཏོན་པས། མཚོན་རྟགས་རང་བཞིན་དང་། སྣེ་ཁྲིད་རང་བཞིན་གྱི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་མང་པོ་ཞིག་གྲུབ་ཡོད་པ་དང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་ཕྱོགས་བསྡུས་ཚོད་ལྟའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

      ཞི་ཅིན་ཕིང་གིས་རྒྱང་སྐྱོད་ལམ་བུ་གསར་པར་ལོ་བཅུའི་འཛུགས་སྐྲུན་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ཆུ་ཚད་མཐོ་རུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་གསར་གཏོད་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱི་གདོང་ལེན་པ་བྱེད་ཕོད་པ་བྱས་ནས་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་གཏིང་ཟབ་པའི་སྒོ་ནས་འཚོལ་ཞིབ་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་ཧུར་ཐག་གིས་བསྐྲུན་དགོས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་སྣེ་ཁྲིད་དང་། ལམ་ལུགས་གསར་གཏོད་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ། ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་འབྲེལ་མཐུད་བྱེད་པ། ལམ་ལུགས་རྣམ་པའི་སྒོ་འབྱེད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བསྒྱུར་བཅོས་ཁྱོན་ཡོངས་ཀྱི་ཇུས་འགོད་དང་མ་ལག་འདུས་གྲུབ་ལ་ཤུགས་བསྣན་པ། ཐོན་ལས་སྦྲེལ་ཐག་ཡོངས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱིས་དཔེ་སྟོན་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་ཐུབ་པར་བྱ་དགོས་ཞེས་ནན་གསུང་གནང་།

      རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་བཙུགས་ནས་ལོ་བཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་ཟླ9པའི་ཚེས26ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་གིས་ཚོགས་འདུར་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་དང་། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། འདུ་ཤེས་མུ་མཐུད་བསྒྱུར་བ། འགན་ལེན་བྱ་ཐབས་ལ་ཤུགས་བསྣན་པ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ། ལམ་ལུགས་གསར་གཏོད་ལ་ཚད་བརྒལ་གསར་པ་ཡོང་བར་བྱེད་པ། སྒོ་འབྱེད་ལ་སྐུལ་འདེད་གཏོང་བར་རྒྱ་སྐྱེད་གསར་པ་ཡོད་པ། ཆུ་ཚད་སྔར་ལས་མཐོ་བའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་པར་འབད་བརྩོན་བྱ་དགོས།

     བཞུགས་མོལ་ཚོགས་འདུར། ཚོང་དོན་པུའུ་ཡི་འགན་འཁུར་བློ་མཐུན་གྱིས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་ལོ་བཅུའི་རིང་གི་འཛུགས་སྐྲུན་བྱས་ཚུལ་སྙན་སེང་ཞུས་པ་དང་། ནོར་སྲིད་པུའུ་དང་། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་མཚམས་འགག་སྒོ་སྤྱི་ཁྱབ་ཁང་དང་ཧྲང་ཧའེ། ཐེན་ཅིན། ཧྥུའུ་ཅན། ལེའོ་ཉིང་། སི་ཁྲོན། ཀོང་ཞི་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་བྱས་པ་རེད།

     ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ21གནས་སའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་འདིར་ལན་ཆ་བཟང་པོ་བྱུང་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།