བྱ་སྤྱོད་དངོས་ཀྱིས་ཡུལ་སྡེ་དར་རྒྱས་གཏོང་བར་ཞུགས།། རིག་གནས་རྣམ་ཤེས་དྲངས་ཏེ་ཡུལ་སྐོར་ཐོན་ལས་སྤེལ།།

མིག་དམར་དོན་གྲུབ་ཀྱིས་བྲིས་ཤིང་པར་བླངས།        2023-10-07

རང་ཁུལ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྣེ་ཁྲིད་པ་བདེ་འཛོམས་ཀྱི་གནས་ཚུལ་རགས་བཀོད།

བྱ་སྤྱོད་དངོས་ཀྱིས་ཡུལ་སྡེ་དར་རྒྱས་གཏོང་བར་ཞུགས།། རིག་གནས་རྣམ་ཤེས་དྲངས་ཏེ་ཡུལ་སྐོར་ཐོན་ལས་སྤེལ།།
བདེ་འཛོམས་ཀྱིས་རྩི་ཤིང་གི་དངོས་དཔེ་ངོ་སྤྲོད་བྱེད་བཞིན་པ།

དཀའ་སྡུག་མི་འཇིགས་སློབ་ལ་ཉམས་མེད་བརྩོན།།

རྒན་བཀུར་གཞོན་གཅེས་གསུམ་བཟང་བྱ་དགའ་ཐོབ།།

མ་སྐུལ་དང་བླངས་གཞན་ལ་རོགས་རམ་བྱས།།

ཀུན་གྱིས་བསྟོད་བསྔགས་མེ་ཏོག་གཏོར་ཡུལ་གྱུར།།

བདེ་འཛོམས་ནི་ཁམས་མི་ཉག་སྐྱ་གད་རི་ཐོག་སྡེ་བར་སྐྱེས། ཆུང་དུས་ནས་ཕ་མས་ཅི་གསུངས་བཀའ་བཞིན་སྒྲུབ་མཁན་གྱི་བུ་རྒྱུད་བཟང་པོ་ཞིག་དང་། སློབ་གྲྭར་འགྲོ་དུས་བློ་རིག་བཀྲ་ཞིང་བརྩོན་འགྲུས་ཆེ་བ་དང་། ཆེ་བར་བརྩི་བཀུར་དང་ཆུང་བ་ལ་རོགས་རམ་བྱེད་མཁན་ཞིག་ཡིན་པས་ལོ་ལྟར་གསུམ་བཟང་སློབ་མའི་བྱ་དགའ་ཐོབ། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་བརྒྱུད་ནས་བདེ་བླག་ངང་སློབ་མཐར་ཕྱིན་རྗེས། གཞུང་ཞབས་པར་རྒྱུགས་སྤྲད་དེ་རྒྱུགས་འཕྲོད། ལས་གནས་སུ་ཞུགས་རྗེས་རྒྱ་བོད་དབྱིན་གསུམ་གྱི་སྦྱངས་འབྲས་བཟང་བས་ལས་ཁུངས་ཀྱི་ཡི་གེ་ཆེ་ཆེ་ཆུང་ཆུང་ཅི་འདྲ་ཞིག་བྲི་དགོས་ན་མོས་ཀྱང་འཛེམས་པ་མེད་པའི་སྒོ་ནས་དང་ལེན་ཞུས་ཏེ། ལས་ཀ་རྣམས་དུས་ཐོག་ཏུ་སྤུས་འབོར་གཉིས་ལྡན་གྱི་ངང་བསྒྲུབས་ཚར་བར་མ་ཟད་བྱ་བ་ཅི་ཞིག་ཡོད་ན་མ་སྐུལ་དང་བླངས་ཀྱིས་སྒྲུབ་པས་ཀུན་གྱིས་མཐེ་བོང་གནམ་ལ་བསྒྲེངས་ནས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ཡུལ་དུ་གྱུར། ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོའི་སྒལ་ཚིགས་ལ་རྨས་སྐྱོན་ཚབས་ཆེན་བྱུང་སྟེ་ཐབས་བརྒྱ་ཇུས་སྟོང་སྒོས་སྨན་ལ་ཅི་འདྲ་བསྟེན་ཡང་སྔར་བཞིན་མུ་མཐུད་ནས་ལས་གནས་སུ་ཞུགས་ཏེ་བྱ་བ་གཉེར་ཐབས་བྲལ་བར་གྱུར། བསམ་བློ་ཅི་འདྲ་བཏང་ཡང་། བློ་རྩེ་ཅི་འདྲ་བཀོད་ཀྱང་ཐབས་གཞན་མ་རྙེད་པས་ཕ་ཡུལ་དུ་ལོག་རྒྱུའི་བློ་ཐག་བཅད་པ་རེད།

བྱ་སྤྱོད་དངོས་ཀྱིས་ཡུལ་སྡེ་དར་རྒྱས་གཏོང་བར་ཞུགས།། རིག་གནས་རྣམ་ཤེས་དྲངས་ཏེ་ཡུལ་སྐོར་ཐོན་ལས་སྤེལ།།
བདེ་འཛོམས་རྒྱལ་ཡོངས་སྐབས་ལྔ་པའི་རང་བྱུང་སློབ་གསོའི་གླེང་སྟེགས་ལ་ཞུགས་པ།

ལས་ཀྱིས་འདྲིས་པའི་ཁྱིམ་མི་བཟའ་ཚང་དང་།།

ཡུལ་མི་སྤུན་ཟླས་དཀའ་སྤྱད་སྡུག་རུས་ཀྱིས།།

དྲོད་སྐྱིད་ལྡན་པའི་མཁར་རྫོང་གནས་ཚང་དེ།།

ཕུགས་འདུན་སྒྲུབ་པའི་རྟེན་གཞི་གསར་དུ་བཙུགས།།

སྲིད་བཟང་གི་ཉི་འོད་ཕྱོགས་བཅུར་འཕྲོས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་དུ་ཡུལ་སྡེ་དར་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས། ཞེས་བཏོན་ཡོད་པས་བདེ་འཛོམས་ཀྱིས་ཅི་ནས་ཀྱང་རྒྱལ་ཁབ་དང་མི་རིགས་ལ་ཞབས་འདེགས་ཞུ་མི་ཐུབ་ནའང་མར་འཐེན་ཡེ་ནས་བྱ་མི་རུང་བའི་བསམ་པའི་འཁྱེར་སོ་ཁོག་ཏུ་བཅངས་ཤིང་། ཡུལ་སྡེ་དར་རྒྱས་གཏོང་བར་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏང་དགོས་ལ། ཡུལ་སྐོར་ཐོན་ལས་ཀྱི་ཁྲོད་དུ་ས་གནས་རིག་གནས་ཀྱི་ཟུངས་བཅུད་འཛོམས་པའི་ཡུལ་མིའི་གནས་ཚང་སྐྲུན་པ་ནི་ཐབས་མཆོག་ཅིག་ཡིན་པའི་འདུ་ཤེས་བསྐྱེད་དེ། ཕ་ཡུལ་དུ་བརྗིད་ཆགས་ཤིང་ཉམས་དགའ་བའི་རབ་དཀར་མདངས་སུ་བཀྲ་བའི་ས་འཛིན་མངོན་པར་མཐོ་ཞིང་། ལྷད་མེད་དྭངས་གཙང་གི་ལི་ཆུ་བསིལ་མ་ལྷོད་ཀྱིས་བཞུར་བ། ཁྱད་ཆོས་འབུར་དུ་དོད་པའི་གནའ་ཉམས་ཀྱི་མཁར་རྫོང་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ། མི་ལ་བསོད་ནམས་ལྡན་ཞིང་ས་ལ་དགེ་བཅུ་འཛོམས་པའི་ཡུལ་ལྗོངས་ཁྱད་དུ་འཕགས་པ་ཞིག་ཡིན་པས་ཁྱིམ་མི་དང་མཉམ་དུ་གནས་ཚང་ཞིག་བཙུགས་ཏེ་ཡུལ་སྡེ་དར་རྒྱས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་གཏོང་ཐབས་བྱ་རྒྱུའི་གྲོས་ཐག་བཅད། བདེ་འཛོམས་ཀྱིས་ང་ཚོའི་རི་ཆུ་རྩི་ཤིང་ཐམས་ཅད་ལ་གཏམ་རྒྱུད་བཤད་རྒྱུ་ཡོད་ཅིང་། གཏམ་རྒྱུད་ཀྱི་སྙིང་བཅུད་ཁྲོད་དུ་སྔ་རབས་མེས་པོ་ཚོའི་བློ་རིག་འདུས་ཡོད། ང་ཚོས་སྲོལ་རྒྱུན་རིག་གནས་ཀྱིས་སློབ་གསོ་བདུད་རྩི་མྱོང་ཆོག་པའི་བསོད་ནམས་ཅན་གྱི་ཞིང་ས་རུ་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏང་དགོས་ཞེས་བཤད་པ་རེད།

དེ་ནས་གཟའ་སྐར་འཕྲོད་སྦྱོར་ཡག་པོ་ཞིག་དང་བསྟུན་ནས་གནས་ཚང་ལས་འགོ་བརྩམས་ཤིང་། དཀའ་བ་བརྒྱ་དང་ངལ་བ་སྟོང་ལ་ཐུག་ཀྱང་འཇིགས་པ་མེད་པའི་ངང་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་པས་མ་ཚད། ཡུལ་མི་སྤུན་ཟླ་རྣམ་པ་དང་གྲོང་མི་ཁྱིམ་མཚེས། གཉེན་ཉེ་བ་སོགས་ཀྱིས་ཕྱར་བ་གྲུ་འདེགས་སྒོས་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། བརྟན་བརླིང་མཛེས་གསུམ་ཚང་བ། གནའ་དེང་ཟུང་དུ་འབྲེལ་བ། འགྲུལ་པ་སུས་མཐོང་ཡང་ཡིད་དབང་གཅིག་ཅར་དུ་འཕྲོག་པ་དང་སུས་བསྡད་ན་དྲོད་སྐྱིད་ལྷོད་གསུམ་གྱི་མྱོང་ཚོར་ལྡན་པའི་གནས་ཚང་ཞིག་བསྐྲུན་ནས་གྲུབ་པ་དང་། འགྲུལ་སྡོད་རིན་གོང་ཡང་ཚང་མའི་འཛད་སྤྱོད་ཚད་གཞི་དང་འཚམ་པོ་ཡོད་པས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་འགྲུལ་པ་རྣམས་ཀྱིས་དགའ་བའི་འཛུམ་དང་བཅས་བསྟོད་རའི་མཐེ་བོང་བསྒྲེངས་དང་སྒྲེང་བཞིན་ཡོད།

མི་མང་པོ་ཞིག་གིས་མོ་རང་ལ་ལས་ལམ་གསར་གཏོད་པ་ཞེས་འབོད་ཀྱང་མོ་རང་གི་སེམས་སུ་ཁོ་ལ་ཡུལ་སྲུང་བ་ཞེས་འབོད་ན་དེ་བས་འཚམ་ཞིང་དགའ་པོ་འདུག་སྙམ་བཞིན་ཡོད། མོས་དུས་རྒྱུན་དུ་ཕ་ཡུལ་ལ་དྲིན་ལན་འཇལ་བ་ནི་མི་ཚེ་ཧྲིལ་པོར་བསྒྲུབ་དགོས་པའི་བྱ་བ་ཞིག་ཡིན་ལ་ཡུལ་སྡེ་དར་རྒྱས་གཏོང་བའི་ཚ་རླབས་ནང་ན་གཞོན་གྱི་སྟོབས་ཤུགས་མེད་ཐབས་མེད་པས་རང་ཉིད་ཀྱི་ནུས་པ་ཅི་ཡོད་ཕུལ་ནས་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས། སྐྱེ་དངོས་རིག་གནས་སོགས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་འཆད་བཞིན་ཡོད།

བྱ་སྤྱོད་དངོས་ཀྱིས་ཡུལ་སྡེ་དར་རྒྱས་གཏོང་བར་ཞུགས།། རིག་གནས་རྣམ་ཤེས་དྲངས་ཏེ་ཡུལ་སྐོར་ཐོན་ལས་སྤེལ།།
མཁར་རྫོང་གནས་ཚང་ཆགས་ཡུལ།

རི་མཐོ་ས་གཙང་ནམ་མཁའ་སྔོ་ཞིང་དྭངས།།

རྩི་ཤིང་སྣ་མང་རི་དྭགས་བག་ཡངས་རྒྱུ།།

མཁའ་རླུང་གཙང་ཞིང་བྱ་བྱིའུ་སྐད་སྙན་སྒྲོག།

མཛེས་པའི་ཁོར་ཡུག་སྲུང་སྐྱོང་བྱེད་ལ་རེམས།།

མོ་རང་གིས་གནས་ཚང་གི་བཀོད་བབ་ཐད་ལ་གནས་ཚང་གི་ཞབས་ཐོག་ཚེ་འཕེལ་ཚང་སྐྱེ་ཁམས་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་ཆུང་ངུ་ཞིག་བྱས་ཤིང་། དེར་རྩི་ཤིང་གི་དངོས་དཔེ་བཤམས་པ་དང་སྒྲོམ་ངོས་དང་གྱང་ངོས་སུ་བཟོ་བཀོད་ལེགས་པའི་པར་སྒྲོམ་རེ་རེའི་ནང་རྩི་ཤིང་རིགས་བཅུ་ཕྲག་ཁ་ཤས་ཀྱི་ཁ་དོག་དང་རེག་ཚོར་ཉར་ཚགས་ཡག་པོ་བྱས་ཡོད་པར་མ་ཟད།《བོད་སྨན་གྱི་ཤེལ་སྒྲོན་རྩ་བ།》དང་།《མཚོ་བོད་མཐོ་སྒང་གི་རི་ཆུ་རིག་གནས།》《ཕྱི་རོལ་གྱི་དབྱེ་འབྱེད་ངོས་འཛིན་སྲུང་སྐྱོང་ལག་དེབ།》སོགས་ཆེད་ལས་དཔེ་དེབ་བསྒྲིགས་ཡོད་པས་མོ་རང་གི་ཕུགས་འདུན་གྱི་སྤྱི་ཁོག་རིམ་གྱིས་གསལ་དུ་མངོན་ཡོད།

མོས་དངོས་དཔེ་དང་དཔེ་དེབ་དེ་དག་ནི་མཁར་རྫོང་གནས་ཚང་འདིའི་བླ་སྲོག་ལྟ་བུ་ཡིན་ལ་ཚེ་འཕེལ་ཚང་སྐྱེ་ཁམས་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་ཆུང་ངུའི་གཞི་རྒྱུ་ཡང་ཡིན། དེར་རི་ཐོག་གྲོང་སྡེའི་རྣམ་པ་དང་ལོ་རྒྱུས་རིག་གནས། རང་བྱུང་མཛེས་ལྗོངས་བཅས་མངོན་པར་བརྒྱུད། མཐའ་འཁོར་ས་ཁུལ་གྱི་སྐྱེ་ཁམས་རིག་གནས་འཚོལ་བསྡུ་ཐོ་འགོད་དང་ཞིབ་འཇུག་འགྲེམས་སྟོན་ཡག་པོ་བྱས་ཏེ་རི་ཐོག་གྲོང་སྡེའི་རིག་གནས་ཀྱི་གདེང་ཚོད་སྔར་བས་ཆེ་རུ་བཏང་ནས་ཡུལ་སྡེ་དར་རྒྱས་ཡོང་བར་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:རྒྱལ་སྟོན་གུང་གསེང་རིང་ལ་ཟོང་འཁོར་གནས་སྐབས་བཀག་སྡོམ་གྱི་བརྡ་ཁྱབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།