དགེ་རྒན་ལགས་སེམས་ཀྱི་སྐྱབས་གནས།

ལྡོང་འཇིགས་སྲས།        2023-10-11

ང་རང་ཆུང་དུས་ནས་སློབ་མ་བྱས་ཡོང་བའི་ཆ་ནས་ཀྱང་། ངས་དེ་རིང་གི་དུས་ཚིགས་ཁྱད་པར་ཅན་འདི་ལ། མཆོད་འོས་བསྟོད་པར་འོས་པའི་འཛམ་གླིང་གི་དགེ་རྒན་རྣམ་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། དགེ་རྒན་ལགས། ཁྱེད་ནི་དཀར་གསལ་གྱི་ཟླ་བ་དགུང་ནས་ཉལ་འདྲའི་སློབ་བུ་ཁྲི་སྟོང་གི་རྨོངས་པ་སེལ་བྱེད་ཤེས་རབ་ཀྱི་སྒྲོན་མེ་དེ་ཡིན་ལ། ཁྱེད་ནི་འཛམ་གླིང་སའི་གོ་ལ་ཐོག། ཡབ་མེས་གང་དེས་བཞག་པའི་རིགས་རྒྱུད་ཀྱི་དཔལ་ཡོན་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱེད་ཀྱི་རྡོ་རིང་དེ་ཡིན། དགེ་རྒན་ལགས། ལོ་ནས་ལོ་དང་ཟླ་ནས་ཟླ་མེད་པར་ཁྱོད་ཀྱིས་དཀའ་ཚེགས་ཀྱི་ལས་ལ་མ་ལྟོས་པར་ང་ཚོའི་ཆེད་དུ་འོ་བརྒྱལ་གྲངས་མེད་ཅིག་མྱངས་སོང་། ལྷག་ཏུ་སྤྱོད་ཁང་ནང་ལ་ཡང་འགྲོ་མི་ཤེས་པའི་སློབ་མ་དག་ལ་ཕོ་མོ་ཡི་དབྱེ་བ་འཕྲོད་དུ་བཅུག་སྟེ་དབྱངས་གསལ་གྱི་མངའ་ཐང་སྩལ། དགེ་རྒན་ལགས་བཀའ་དྲིན་ཆེ།

ཁྱེད་ཀྱིས་ལྷག་བསམ་དྭངས་གཙང་གི་འབབ་རྒྱུན་རིང་མོ་ཞིག་ལོ་རྒྱུས་སུ་བཀོད་ལ། སེམས་ཉིད་བཅོས་མིན་གྱི་དུང་དཀར་རིང་འབུད་གནམ་ས་རུ་ཁྱབ། དགེ་རྒན་ལགས། བྱམས་བརྩེ་ལ་ཟད་མཐའ་མེད་ན་གང་གི་འབད་བརྩོན་ལ་ཟད་མཐའ་མི་འདུག། ཁྱེད་ཀྱི་རྣམ་དཀར་འདིས་མཚོན་གྱི་དགེ་རྩ་མཐའ་དག་ནི་ཅི་འདྲ་ལྷད་མེད་དྭངས་གཙང་ཞིག་རེད། བརྩོན་འགྲུས་ཀྱིས་བཏབ་པའི་ཐོས་བསམ་གྱི་ཤེས་རབ་ལས་ངལ་བ་མང་པོ་ཁྱད་དུ་བསད། མཚན་གྱི་སྐར་ཚོགས་བཀྲམ་འདྲའི་རིགས་ཀྱི་རྒྱུ་སྐར་གྲངས་མེད་ཅིག་གསོས་སུ་སྨིན། ཡང་ཡང་རིགས་ཀྱི་བླ་ཤིང་སྐྱེས་དལ་བའི་འོད་སྣང་གི་གནམ་ས་ཁྱབ་པའི་བརྒྱུད་རིམ་ཁྲོད། དཔལ་འབྱོར་འཕེལ་རྒྱས་དང་ཚན་རིག་འཕེལ་རྒྱས་སོགས་རྒན་ཁྱོད་ཅག་གི་དྲིན། དུས་རབས་རིམ་བཞིན་དུ་གཞན་ཕན་གྱི་འབོད་པ་དང་དུ་བླངས་ལ། བརྩེ་སེམས་ཟབ་མོའི་འཚོ་བ་དངོས་ལ་རྨོངས་ཞེན་གྱི་མྱོང་རྟོགས་སད་དུ་བཅུག། ལོ་ཟླ་རིམ་བཞུར། དུས་བདེ་ཞོད་འཇགས་ཀྱི་ས་མིག་ཅིག་བསྐྲུན་ཏེ་རང་དོན་རྫོགས་ཀྱང་གཞན་དོན་ཁུར་གཉེར་དུ་མཛད། ཐམས་ཅད་གཅིག་མཚུངས་མ་ཡིན་པའི་ཁམས་ཆེན་མོ་འདི་ན། མི་མང་པོ་ཞིག་ང་རྒྱལ་དང་ཁེངས་དྲེགས་ཀྱིས་འཚོ་བཞིན། རང་ཉིད་ཀྱི་སྐྱེ་རྒྱུན་ཕྱི་མ་ལ་ནག་ཐིག་འགོ་བཞིན་ཡོད། གྲོགས་པོ་ལགས། འབྲས་བུ་གང་དེ་ལྡོག་པ་ལ་ངེས་པར་དེས་རྒྱུ་ལ་ལྟོས་པ་བཞིན། དགེ་བའི་བཤེས་གཉེན་གང་དེ་རྒྱུ་དེ་ཤེས་སུ་འཇུག་པའི་ཐབས་གྲོགས་ཉག་གཅིག་ཏུ་སེམས།

ང་ཚོས་ཀྱང་དམ་པ་གོང་མའི་ཕྱག་བཞེས་ལྟར་ས་གཞི་འཕྲེད་དུ་བཅད་པ་དང་། རྨོངས་དད་ཀྱི་སེམས་བྱུང་གང་དེ་ཁུང་ནས་འཕྱུངས་ཏེ་བསླུ་མེད་ཀྱི་རང་གཤིས་རྣལ་མ་ཞིག་ཕ་ཁྱིམ་གྱི་པང་དུ་ལེན། ཆུང་བྱིས་པ་ནས་རྒན་མགོ་དཀར་གྱི་བར་དུ་གསལ་བྱེད་ཀྱི་དབྱངས་རྟ་སྙན་མོ་བསླབ་དགོས་ལ། མི་རིགས་དེ་གའི་རྡོག་ཐོན་གྱི་ལམ་ཁ་ངེས་པར་ཇེ་ལེགས་སུ་གཏང་དགོས།

ང་ཚོས་ཡོན་ཏན་སྦྱང་བ་ཡང་རང་གཅིག་པུའི་ཆེད་མ་ཡིན་པར་གཞན་ཕ་མ་དང་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྦྱང་འོས། ང་ཚོའི་རིག་གནས་དེ་ཉིད་ཤེས་པ་ཙམ་གྱིས་མི་ཆོག་པར་རང་རྒྱུད་དུ་སྨིན་པར་བྱ་དགོས། རིག་གནས་གང་དེ་རང་སེམས་སུ་སྨིན་པ་ནི་རིག་གནས་རྣལ་མ་ཞིག་ཤེས་པས་རེད། གྲོགས་ལགས། ང་ཚོའི་ཤེས་རིག་སྦྱང་བ་མ་ཡིན་པར་ཤེས་རིག་གི་ཉིང་བཅུད་སྦྱང་དགོས།



  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་སྟོན་ཀ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།