ཨོ་ཏོག་བསྟན་ཉི། 2023-10-11
སྟོན་ལོ་སེར་པོ་ས་ལ་མ་ཟག་རོགས། །
ཁྱེད་རང་ཡལ་ག་བསྐྱུར་ནས་ཟགས་པ་ན། །
ང་རང་དགུན་ཟླ་རིང་མོ་ཐོན་པར་སྐྲག །
མ་ཟག་བརྟན་པོར་བཞུགས་དང་སྟོན་ལོ་ལགས། །
སྟོན་ལོ་སེར་པོ་ས་ལ་མ་ཟག་རོགས། །
ཁྱེད་རང་སྡོང་པོར་བྲལ་ནས་ཟགས་པ་ན། །
ང་རང་ལུས་ཀྱི་གསོན་ཤུགས་མི་འདང་པས། །
མ་ཟག་བརྟན་པོར་བཞུགས་དང་སྟོན་ལོ་ལགས། །
སྟོན་ལོ་སེར་པོ་ས་ལ་མ་ཟག་རོགས། །
ཁྱེད་རང་རྒྱ་ལམ་ངོས་སུ་ཟགས་པ་ན། །
ང་རང་རླུང་འཚུབ་ལྡང་བར་ཧ་ཅང་ཞེད། །
མ་ཟག་བརྟན་པོར་བཞུགས་དང་སྟོན་ལོ་ལགས། །
སྟོན་ལོ་སེར་པོ་ས་ལ་མ་ཟག་རོགས། །
ཁྱེད་རང་གཙང་པོའི་ནང་དུ་ཟགས་པ་ན། །
ང་རང་དགུན་ཆུང་མེ་ཏོག་མི་མཐུན་པས། །
མ་ཟག་བརྟན་པོར་བཞུགས་དང་སྟོན་ལོ་ལགས། །
སྟོན་ལོ་སེར་པོ་ས་ལ་མ་ཟག་རོགས། །
ཁྱེད་རང་མ་ཟག་དུས་བཞིར་བཞུགས་གནང་དང་། །
ངེད་གཉིས་སྡོང་པོར་འཁྱུད་ནས་དགུན་ཟླ་བསྐྱལ། །
མ་ཟག་བརྟན་པོར་བཞུགས་དང་སྟོན་ལོ་ལགས། །
རྩོམ་གསར། 10