ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཐད་མཛུབ་སྟོན་གནང་།

    མི་དམངས་ཉིན་རེའི་ཚགས་པར།    2023-10-11

 ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྐབས་ནན་བཤད་གནང་དོན། རིག་གནས་ཀྱི་གདེང་ཚོད་བརྟན་གཏོང་དང་། སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བསམ་བློའི་འགན་ལེན་བརྟན་པོ་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། རིག་གནས་ཀྱི་ཆ་རྐྱེན་ཡག་པོ་བཅས་མཁོ་འདོན་བྱེད་དགོས། ཚའེ་ཆི་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།


      ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ10ཚེས8ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྟེ་གསུངས་དོན། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་དེ་ཏང་གི་མདུན་ལམ་དང་ལས་དབང་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་བཅས་དང་འབྲེལ་བ་ཡོད་པས་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་དང་བཀོད་སྒྲིག་བྱས་ཏེ། དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དུས་བབ་ལ་སྤྱི་ཡོངས་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཀྱི་གདེང་ཚོད་མངོན་གསལ་དོད་པོས་ཆེ་རུ་དང་བསམ་པའི་ཉམས་འགྱུར་དེ་བས་ལེགས་སུ་ཕྱིན་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་འགག་རྩའི་དུས་སྐབས་སུ་སླེབས་པ། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་པ།  དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་པས་ངེས་པར་དུ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས། དེར་བརྟེན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་དམིགས་པ་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མུ་མཐུད་རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་དང་། རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་སྲོལ་གཏོད་བཅས་ཀྱི་རིག་གནས་ལས་འགན་གསར་པར་དམིགས་ནས་རིག་གནས་ཀྱི་གདེང་ཚོད་བརྟན་གཏོང་དང་། སྒོ་དབྱེ་བསྟུན་མཁས་རྒྱུན་འཁྱོངས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བཅས་བྱེད་པ་དང་། ཏང་གིས་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་རྒྱག་པ། གོང་བུ་འགྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་གཏོད་རྒྱུར་ཤུགས་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུར་ཤུགས་རྒྱག་པ། གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ་བཅས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་པ། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་སྒོ་ནས་གཞན་འགྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་འཛུགས་སྐྱོང་དང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་བཟོའི་གསོན་ཤུགས་འཕེལ་གང་ཐུབ་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་རིག་གནས་ཀྱི་འཇམ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བསམ་བློའི་འགན་ལེན་བརྟན་པོ་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། རིག་གནས་ཀྱི་ཆ་རྐྱེན་ཡག་པོ་བཅས་མཁོ་འདོན་བྱེད་དགོས། 

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད (ཏང་ཙུའུ)ཀྱིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་ཕྲག་ཐོག་ཏུ་ཁུར་ཏེ། རིག་གནས་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་པ་དང་། རིམ་ཁག་དྲིལ་བསྒྲགས་རིག་གནས་སྡེ་ཚན་གྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བཅས་བྱས་ཏེ། དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

       ཟླ10ཚེས7ནས་ཚེས8ཉིན་བར། རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

      ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་གཟིགས་རྒྱང་རིང་ཞིང་། གནད་ལ་འཕིགས་ཤིང་ནང་དོན་ཟབ་པ་དང་། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་པས། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། དེས་ན། ངེས་པར་དུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། 

        ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་དོན་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་གསལ་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་ཐད་ཀྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་ཀྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་དང་རྒྱས་བཤད་ཤིན་ཏུ་གཏིང་ཟབ་པས། དེ་ནི་དུས་རབས་གསར་པར་ཏང་གིས་རིག་གནས་འཛུགས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ལག་ལེན་གྱི་ཉམས་མྱོང་རིགས་པའི་གཞུང་ལུགས་ཐོག་ནས་ཕྱོགས་སྡོམ་བྱས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ་ཞིག་རེད། དེ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིག་གནས་ཀྱི་ལེའུ་གྲུབ་ནས་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་ཞིག་གྲུབ་ཡོད། 

         ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་རིག་གནས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལྟ་བའི་ཐད་ཀྱི་གསར་གཏོད་དང་ཚད་བརྒལ་ཡོད་ལ། རིག་གནས་ལས་དོན་བཀོད་སྒྲིག་ཐད་ཀྱི་བཀོད་སྒྲིག་བླང་བྱའང་ཡོད་པ་དང་། ལུགས་བསྟུན་དོན་འཁྱོལ་དང་ལུགས་དོན་ཁོང་ཆུད་ཀྱིས་དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་གི་གོམ་སྟབས་དང་ལས་འགན་ཁ་གསལ་བཀོད་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་གི་ཆོས་ཉིད་ལ་འཛིན་པའི་རང་རེའི་ཏང་གི་ངོས་འཛིན་མཐོ་ཚད་གསར་པར་སླེབས་པ་མཚོན་པ། རང་རེའི་ཏང་གི་ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་མཐོ་ཚད་གསར་པར་སླེབས་པ་མཚོན་པ་མ་ཟད། ད་དུང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ཁྲོད་སྟོབས་ཤུགས་ཧ་ཅང་ཆེན་པོ་མངོན་པར་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་རིག་གནས་ཀྱི་ལས་འགན་གསར་པ་འཁུར་རྒྱུར་བསམ་བློའི་མཚོན་ཆ་རྣོན་པོ་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། 

        ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམ་པོར་དམིགས་པ་དང་རིག་གནས་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པར་དམིགས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས། ལས་དོན་ཁག་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་པ་དང་། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཡོང་བར་བྱེད་དགོས་ལ། དངོས་འབྲེལ་སློབ་སྦྱོང་དང་། དངོས་འབྲེལ་ཤེས་པ། དངོས་འབྲེལ་ཡིད་ཆེས། དངོས་འབྲེལ་བེད་སྤྱོད་བཅས་བཞི་དང་། ཟབ་གཏོང་དང་། ནང་འཇགས། གཞན་སྒྱུར་གསུམ་ལ་ཤུགས་རྒྱག་དགོས་པ། འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་བཏང་སྟེ། ཡིད་ཆེས་ཆེ་རུ་གཏོང་རྒྱུ་གཙོར་བཟུང་གིས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་ལག་ལེན་བསྟར་ཏེ། བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ལས་དོན་སྤེལ་སྟངས་ལེགས་བཅོས་དང་གསར་གཏོད་བྱེད་དགོས་པ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།།


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་རྫོང་འདིར་ས་ཡོམ་རིམ་པ་3.6བརྒྱབ་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།