མཐུན་པའི་ཨ་ལོང་སྦྲེལ་བའི་གསལ་བྱེད་སུམ་ཅུའི་འཇོ་སྒེག།

འོད།        2023-10-31

ཀ་མད་སུམ་ཅུའི་གསེར་གྱི་ཉིན་བྱེད་ཤེས་རིག་ལྷུན་པོའི་དཔང་པོར་བརྗིད།།

ཁ་ཕྱོགས་ལམ་བུའི་དོན་གཉེར་འདུན་མ་དཔྱིད་དཔལ་མེ་ཏོག་ཚལ་དུ་སྤྲས།།

ག་དུས་བློ་གྲོས་བརྩོན་པའི་རྗེས་འགྲོར་ཡོན་ཏན་ནོར་གྱིས་འཛུམ་འཁྱུག་པ།།

ང་ཚོའི་མི་རབས་གསར་པའི་དཔུང་སྡེར་རིག་པའི་རྒྱན་གྱི་མཛེས་པ་འཕྱོར།།

ཅ་རེ་སློབ་གསོའི་སྐྱ་རེངས་ཅོང་བརྡ་རང་ཡུལ་འཛིན་མའི་རྣ་བར་སིམ།།

ཆ་སྲོལ་རྒྱུན་བཟང་མི་ཉམས་གོང་འཕེལ་ཉ་གང་ཟླ་བའི་དཔལ་ལ་སྙེག།

ཇ་ཡུན་དུས་ཀྱང་ཚན་རྩལ་རིག་པའི་རྦ་རླབས་གསར་པ་མཁའ་རུ་འཕྱོ།།

ཉ་མོ་ཆུ་ལྟར་མི་རིགས་ང་དྲུག་མཛའ་མཐུན་དུང་གི་རང་མདངས་བཀྲ།།

ཏ་ལ་ལ་ལྟར་ཤེས་རིག་འོད་ཆེན་གཙུག་ལག་ཞལ་ཁྱིམ་དབྱིངས་ན་འཚེར།།

ཐ་གྲུའི་ཡུལ་ཀུན་སྟོབས་འབྱོར་ཟིལ་གྱིས་འཚོ་བའི་མུ་ཏིག་སྙིང་ན་འཛུམ།།

ད་ལྟར་རྒྱལ་ཁམས་ཞི་བདེ་ཞོགས་ཉིས་ནད་མུག་མུན་པ་མཐར་བསྐྲད་ཅིང་།།

ན་ཆུང་ཕུགས་བསམ་གསེར་གྱི་ཞིང་སར་མཚར་སྡུག་སྟོན་གྱི་སྙེ་མས་དུད།།

པ་ཏྲའི་རིས་འཁྱིལ་ཕུ་ནུའི་མཛའ་བརྩེ་གངས་ཆབ་སྔོན་མོའི་རྒྱུན་ལ་འདྲེས།།

ཕ་མའི་རེ་བཞག་དོན་འབྲས་ལྗོན་བཟང་སྙིང་ཁོང་དྲོད་ཀྱི་གཤིན་སར་མཐོ།།

བ་གམ་འོད་ཚོགས་སློབ་རའི་རྒྱ་ཕིབས་ཤེས་རིག་འོད་ཀྱི་དར་ཆེན་བསྒྲེངས།།

མ་ཕམ་གཡུ་མཚོའི་ཁྲུས་ལ་རོལ་འདྲའི་བདེ་སྐྱིད་གསེར་ཉ་དལ་གྱིས་འཁྱུག།

ཙ་རིའི་སྨན་ལྗོངས་ཕྱུག་མོའི་ལྟོ་བར་རིན་ཆེན་གཏེར་གྱི་ཁྱེའུ་ཆུང་སྦྲུམ།།

ཚ་ཟེར་འོད་སྟོང་སྙིང་རྗེ་དྲོད་ཀྱིས་སྐྱེ་རྒུའི་སྤྱོད་བཟང་ཡིད་རབ་འགུགས།།

ཛ་ཧུའི་བུ་མོའི་མཛེས་སྡུག་ལྟར་གཡོ་རྣམ་དཀར་དོན་གྱི་འཛུམ་ཕྲེང་རྩེན།།

ཝ་ལེར་སྙན་ཚིག་ཟླ་སྟོང་གཞོན་ལུས་དྲན་པའི་སྒེའུ་ཁུང་མཁའ་རུ་གསལ།།

ཞ་སྨྱུག་ཚོན་གྱི་བཀྲག་མདངས་རྒྱས་པའི་ཤོག་དཀར་ལང་ཚོའི་སྐྱེད་ཚལ་མོར།།

ཟ་འོག་གོས་ཆེན་རི་མོས་སྤྲས་ལྟར་སྣོད་བཅུད་བཀོད་པའི་དཀྱིལ་འཁོར་བཀྲ།།

འ་ཅག་མི་རབས་སེམས་འདུན་གསོ་བའི་མེས་པོའི་རྣམ་དཔྱོད་བསུང་ངད་སྤྲོ།།

ཡ་ཐོག་རིག་གནས་གསེར་ཟམ་བརྟན་པོས་བསྐལ་བའི་དཔུང་པ་སྙིང་དུ་སྡུག།

ར་བ་གངས་ཀྱི་ཤེལ་དཀར་མུ་ཁྱུད་སྲིད་པ་རྒྱལ་མོའི་མཐོངས་སུ་བརྩིགས།།

ལ་ལུང་ཆོལ་གསུམ་ཕུ་ནུའི་མཛའ་མཐུན་གཡུང་དྲུང་རི་མོའི་ཟོལ་དུ་བརྟན།།

ཤ་གཙང་རུས་པའི་འབོད་པ་ཟབ་མོས་ངེས་དོན་གཏམ་གྱི་གད་རྒྱངས་སྒྲོག།

ས་འཛིན་ཉི་ཟླའི་མགུལ་བར་འཐེན་པའི་ཕ་གཞིས་དབྱིངས་ཀྱི་དག་ཞིང་ངོ་།།

ཧ་ཅང་རྩོམ་རིག་ཆུ་འཛིན་དགྱེས་པའི་རླབས་གསར་གཞལ་མེད་གུར་ཀློང་ན།།

ཧ་གོའི་ཚིག་གཏེར་རིན་ཆེན་ཕྲེང་བའི་དབྱངས་གསལ་ནོར་བུའི་སྦྲང་ཆར་གྱི།།

ཨ་ཧོ་དགེ་མཚན་དཔལ་དུ་འཇོ་བའི་རིག་གཞུང་ནོར་འཛིན་ཡངས་པའི་ཁྱོན།།

ཨ་ནུའི་མཛད་བཟང་ཁུར་དུ་ལེན་པའི་ཤེས་ལྡན་འདབ་བརྒྱས་གང་གྱུར་ཅིག།



  • ལེ་ཚན་སྔོན་མ།:འཚོ་བའི་བཞིན་རས་ཤིག།
  • ལེ་ཚན་རྗེས་མ།:སེམས་ཉིད་ཀྱི་རྨི་ལམ།