སྨྱུག་རྫི། 2023-10-20
སྙན་ངག་བྲི་ན་དམ་པའི་སྐྱེས་བུ་བྲིས། །
གཟུགས་སྐུ་རི་རྒྱལ་བཞིན་དུ་བརྟན་པ་བྲིས། །
ཞལ་གསུང་བདུད་རྩི་རྟག་ཏུ་འཇོ་བ་བྲིས། །
ཐུགས་བློ་རྒྱ་མཚོའི་འཇིངས་ལྟར་ཟབ་པ་བྲིས། །
སྙན་ངག་བྲི་ན་དྲིན་ཆེན་ཕ་མ་བྲིས། །
བྱམས་བརྩེ་ཉི་མའི་དཀྱིལ་འཁོར་ཡངས་པ་བྲིས། །
ཞལ་རས་སྤྲིན་པའི་རང་གཟུགས་འཛུམ་པ་བྲིས། །
ལྷག་བསམ་དུང་གི་ཟླ་བ་དཀར་པོ་བྲིས། །
སྙན་ངག་བྲི་ན་ཉི་མའི་འོད་ཟེར་བྲིས། །
འོད་ཟེར་ས་ལ་ལྷམ་ལྷམ་འབར་བ་བྲིས། །
མུན་པའི་ཡོལ་བ་ཕ་མཐར་བསྐྲད་པ་བྲིས། །
དྲི་བཞོན་འཁུར་བའི་མེ་ཏོག་བཞད་པ་བྲིས། །
སྙན་ངག་བྲི་ན་སྙན་ངག་སྨྲ་བ་བྲིས། །
བརྗོད་དོན་སྙིང་པོ་ཅན་ཞིག་བཙལ་བ་བྲིས། །
སོར་མོའི་རྩེ་ལ་སྨྱུ་གུ་ཐོགས་པ་བྲིས། །
ཐ་སྙད་ཚིག་གི་མེ་ཏོག་གཏོར་བ་བྲིས། །
སྙན་ངག་བྲི་ན་ཚིག་གི་གཏང་རག་བྲིས། །
མཆོད་པའི་ཚིག་གི་ཚན་ཁ་འབར་བ་བྲིས། །
ལྷག་པའི་ལྷ་ཡི་ཐུགས་དགོངས་དགྱེས་པ་བྲིས། །
བརྩེ་བའི་སྤྱན་གྱིས་བསྟུད་མར་གཟིགས་པ་བྲིས། །
སྙན་ངག་བྲི་ན་ཆོས་ཀྱི་སྙིང་པོ་བྲིས། །
གཞི་མེད་སྟོང་ཉིད་ཁོང་དུ་ཆུད་པ་བྲིས། །
བདག་འཛིན་བློ་ལ་བཟོ་བཅོས་བྱས་པ་བྲིས། །
འཁོར་བའི་ཆོས་ལ་སྡང་མིག་བགྲད་པ་བྲིས། །
སྙན་ངག་བྲི་ན་སེམས་པའི་ཕྱི་ནང་བྲིས། །
ཏིང་འཛིན་སེམས་ཀྱི་ཆོ་འཕྲུལ་མཛེས་པ་བྲིས། །
དོན་དམ་དབྱིངས་ཀྱི་གནས་ལུགས་རྟོགས་པ་བྲིས། །
འགྱུར་མེད་སེམས་ཀྱི་དམ་ཚིག་གཙང་མ་བྲིས། །
སྙན་ངག་འབྲི་ན་ཚོར་བའི་རབ་བྱེད་བྲིས། །
སེམས་ཉིད་རྟོག་པའི་དྲ་བར་ཚུད་པ་བྲིས། །
རྣམ་རྟོག་རླུང་གི་འདུ་འཛི་རྒོད་པ་བྲིས། །
སྣང་བའི་ཚིག་གི་དྲི་བསུང་འཐུལ་བ་བྲིས། །
སྙན་ངག་འབྲི་ན་སྐད་ཅིག་མ་ཉིད་བྲིས། །
མི་རྟག་དུས་ཀྱི་གློག་ཞགས་མྱུར་བ་བྲིས། །
འདུ་འབྲལ་ལས་ལ་སྙིང་པོ་མེད་པ་བྲིས། །
མི་འདོད་བཞིན་དུ་འདུ་འབྲལ་དགོས་པ་བྲིས། །
རྩོམ་གསར། 10