མ་རུའི་ཚེ་དཔག་སྐྱབས། 2023-10-18
དྲི་ཟའི་ན་ཆུང་འབུམ་གྱིས་བསྒྲུན་དཀའ་ཞིང་། །
སྒེག་ལྡན་སྨན་ཤར་འགའ་ཡིས་ཟླ་བྲལ་བ། །
དབྱངས་ཅན་ལྷ་གཅིག་སྙིང་གི་དཔྱིད་དུ་སྨིན། །
གསེར་གྱི་རྣ་ཏོག་ཅན་དེར་འདི་སྐད་ཕུལ། །
ལོ་དང་ཟླ་ཡི་བར་མཚམས་སྲུབས་མེད་པར། །
ཁྱོད་ཞལ་མཐོུང་འདོད་བདག་ཡིད་རྐང་དྲུག་གིས། །
ཚེ་ཡི་ཞིམ་མངར་སྦྲང་རྩི་གཞིབ་འདོད་པ། །
རྟོག་བཅས་བློ་ངོར་གསུབ་མེད་ཚོན་དུ་ཕབ། །
རེ་སྒུག་ཟབ་པ་གཙང་པོའི་ཆུ་ལས་ཟབ། །
ཁྱེད་ལ་བརྐམ་པ་འཁྲེང་ཞེན་རི་ལས་ལྕི། །
སེམས་ཀྱི་ན་ཆུང་ཡིད་འོང་སྒེག་པ་མོ། །
བདག་ཡིད་མཚོ་ཆུང་ནོར་བུར་ཁ་རྒྱན་སྤུད། །
ཐ་སྙད་ཆག་རོ་འགའ་ཡི་གྱང་ཆག་ཏུ། །
ནམ་རྒྱུན་ཁྱེད་ཀྱི་རྒྱབ་གཟུགས་བསྐུངས་ཡོད་ལགས། །
འདི་ནས་རེ་ཞིག་འུ་གཉིས་གྱེས་ཀྱང་རུང་། །
ཁྱེད་རང་སེམས་ཀྱི་མཛོད་ནས་ག་ལ་འབོར། །
རབ་མཛེས་ཟླ་ཤེལ་ནོར་བུའི་བང་མཛོད་ནས། །
བླངས་འདྲའི་སེམས་ཀྱི་ནོར་བུ་བྲུད་བྲུད་དེ། །
བདག་སྙིང་འདོད་པའི་སྣོད་ནས་བོར་སོང་ན། །
ཕྱིས་འབྱུང་འདི་ལས་ལྷག་པའི་གདུང་བ་གང་། །
གང་གང་སེམས་ཀྱི་ཕུགས་ནས་འདོར་དགོས་པ། །
སྒྱུ་མ་སྒྱུ་མའི་གཟུགས་བརྙན་འཕོས་པ་འམ། །
ཡང་ན་སེམས་ཀྱི་ནང་སྙིང་བསྔོགས་པའི་མགུར། །
སྐྱོ་ཤས་དབེན་པའི་གྲོང་ནས་སྨྲེང་བས་ཟས། །
མཛེས་སྡུག་མདོངས་མཐའི་སྤུ་སྡུག་རབ་བཀྲ་ཞིང་། །
ཆུ་སྐྱེས་སྒེག་ལྡན་ཁེངས་པ་རབ་བཅོམ་པ། །
གསར་སྐྱེས་སེམས་ཀྱི་ན་ཆུང་ཁུ་བྱུག་མོ། །
བདག་སྙིང་ནགས་མའི་ཀླུང་ལ་བྱོན་ཅིག་ཀྱེ། །
རི་དྭགས་ཨེ་ན་ཡ་ཡི་འདྲེན་བྱེད་དེ། །
ཁྱོད་གདོང་པདྨར་རི་མོ་བཀོད་པ་བཞིན། །
རྨད་བྱུང་སྒེག་པའི་ལང་ཚོའི་ལྗོན་འདབ་ན། །
ཡིད་འོང་ཁུ་བྱུག་བྲོད་པའི་སྣང་བ་མཆིས། །
ཞེ་འདང་འོ་མའི་མར་བཅུད་བླངས་པའི་སྤྲིས། །
དུངས་ཞེན་འབུམ་ཕྲག་རྒྱ་མཚོ་དཀྲུགས་པའི་རླབས། །
སྤྲོ་སྣང་མཁའ་ལྡིང་གཤོག་རླབས་བསྒྱུར་བའི་གར། །
སེམས་ཀྱི་ཡིག་འབྲུས་མཚོན་པའི་ཁྱེད་ཉིད་དོ། །
ཚེ་ལ་འགྲོགས་རྒྱུའི་ཨུ་ཚུགས་ཕར་ལབ་ཀྱང་། །
མི་འདོད་སྣང་བའི་ལོ་མ་ཆུར་བསྐུར་བའི། །
རེ་སྒུག་ཟམ་པ་བཤིག་པོའི་གྱུ་ཁུགས་ནས། །
སྨྲེང་གཞས་རླབས་ཀྱི་མུ་ཏིག་གྲངས་མེད་འཐོར། །
ལོ་ཟླའི་ངོགས་སུ་རྨི་ལམ་ཉི་ཟླ་བྲིས། །
སང་གི་འཆར་གཞིའི་རྒྱ་མཚོར་གསེར་ཉ་གཏོང་། །
རེ་བའི་མཚོ་ཆུང་བྲི་ཞིང་སྐམ་ཉེ་བ། །
གདུང་ཡུས་འདམ་ལ་བྱིང་བའི་གླང་ཆེན་ཉིད། །
རབ་མཛེས་སེམས་ནི་རས་དཀར་ཡུག་གཅིག་ལྟར། །
དེ་ཡི་སྟེང་ལ་ཁྱེད་ཀྱི་ཡིག་འབྲུ་དག །
སྣང་མཐུན་སྒྱུ་མའི་ཚོན་རྩི་རབ་བསྒོས་ཏེ། །
ཚེ་ཡི་གྱང་ངོར་བཀལ་ན་མི་ལེགས་སམ། །
རྩོམ་གསར། 10