ཚངས་དབྱངས་པ།

བཤུལ་གྱི་རས་པ།        2023-10-17

རི་ཟོམ་ན་བུན་གྱོན་པའི་སྤྱིལ་བོར།། 

ངག་སྒོ་ཡངས་བའི་གསེར་གྱི་དྲིལ་ཆུང་།། 

སྨྲ་བ་མེད་པར་གདུང་བའི་བྲོ་བརྡུང་།།

རྙིིང་རལ་ཤག་ཆུང་ནང་གི་ཨ་སྐྱོ།།

ལ་ཐོད་གདེངས་སུ་མཐོ་བའི་སྤྲིན་དཀར།། 

མྱ་ངམ་འོབས་སུ་ལུད་པའི་གཟིགས་རིས།། 

སྙིང་ཆུང་གཤོག་པ་རྡེབ་པའི་ཐིག་གར།། 

བདེན་པའི་ཟླ་བ་གཟའ་ཡིས་འཁྱུད་བྱུང་།།

མཚལ་གྱི་ཕོ་བྲང་རྒྱ་ཕིབས་ལམ་ལམ།།

སྟོང་བར་འཕྱན་པ་ཉི་མ་ཁེར་བུ།།

ཉི་ཐིག་འཚོལ་བའི་མིག་ཟུང་་གཉོམ་པོ།། 

སུ་ཡི་མནར་གཅོད་མ་ཐེག་ལུས་རེད།།

ག་པར་ཁྲིམས་ལྡན་་དམར་ཤར་འཁྱིལ་བ།། 

ངེས་འབྱུང་རས་བུབས་ལྟེབ་པའི་མཚན་གཞུང་།།

སྐར་མའི་ངུ་ཤུམ་འཐེན་པའི་མིག་ཆུ།།

སུ་ཡི་བྲང་གཞུང་བརྒལ་བའི་ལེའུ།།

འཁོར་བའི་ལ་སྐེད་ཅིག་གི་གླིང་བུ།།

སྐྱིད་ཆུའི་རི་མོ་གཡོ་བའི་ཉམས་སུ།།

འཕོས་པའི་གདངས་ལ་དགའ་ཞིང་མྱོང་བ།། 

བྱམས་པའི་ཐུག་འཕྲད་ཚ་བའི་ལོ་ཟླ།།

མཁུར་གོང་མིག་ཆུ་འགྲུལ་བའི་མཚན་གཞུང་།།

གདུང་གྲུའི་ཕྱིར་མིག་འཕང་བའི་གྱེས་བྲལ།།

ཁ་ཆད་ཡིད་ལ་བཏབ་པའི་ན་ཟུག།

ནམ་མཁའ་དར་ཅིག་ངུས་པའི་ལེ་ཚན།།

གཙང་འགྲམ་་མིག་སྐྱེལ་ཞུ་བའི་བཙུན་པ།། 

སྐྱོ་མགུར་རྒྱང་ལ་འཁྱེར་བའི་རླུང་བུ།།

སྡུག་ཡུས་སྨྲེང་བ་འཕྱོ་བའི་དར་ལྕེ།།

དོ་ནུབ་ཡངས་བའི་མཚོ་མོ་སྐྱོམ་བྱུང་།།

གསེར་སེར་རྒྱ་ཕིབས་བླ་ན་མཚར་བར།།

དམར་སྙིང་བུ་ག་བརྟོལ་བའི་ངག་སྒྲོས།།

རྟིང་མའི་ལོ་ལ་ཁ་ཆད་བཞག་པའི།།

བརྩེ་བའི་ཐང་ག་སྤྲུག་པའི་གཤོག་རྡེབ།།

ཡངས་བའི་ཁྲི་མཚོ་འཕྱོ་བའི་ཞལ་སྒོར།།

ངང་ཆུང་སྒྱུ་ལུས་འདར་བའི་གཟུགས་ཀྱིས།།

རི་བོའི་ནམ་མཁའ་སྙེག་བཞིན་ཕེབ་པས།།

ཁྱེད་རང་གདུང་བའི་རྙི་ལས་ཐར་རམ།།

  • ལེ་ཚན་སྔོན་མ།:སེམས་ཀྱི་ཟིལ་པ།
  • ལེ་ཚན་རྗེས་མ།:ཁྱེད་ཀྱིས་བདག་ལ་ལན་ཞིག་གདབ་རོགས་མཛོད།