ཞི་ཅིན་ཕིང་གིས་ཅང་ཞི་རུ་རྟོག་ཞིབ་གནང་སྐབས་ནན་སྟོན་གནང་དོན།

    ཀྲུང་དབྱང་བོད་སྐད་རླུང་འཕྲིན།    2023-10-17

     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཅང་ཞི་རུ་རྟོག་ཞིབ་གནང་སྐབས། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གཏོད་པའི་ཁྲོད་ཅང་ཞི་ཡི་ངེས་གནས་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ། ཅང་ཞི་ཡི་ཁྱད་ཆོས་དང་བཟང་ཆར་གཞི་རྐང་ཚུགས་པ། སྤུས་མཐོའི་འཕེལ་རྒྱས་དང་། སྦགས་མེད་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་སོགས་ཀྱི་བླང་བྱ་གསར་པར་དམིགས་པ་བཅས་བྱས་ཐོག བསམ་བློར་བཅིངས་འགྲོལ་དང་། གསར་གཏོད་ཡར་བརྩོན། དགེ་སྤེལ་སྐྱོན་སྤོང་། གཞི་རྩ་བརྟན་གཏོང་དང་གསར་པ་དར་སྤེལ་བཅས་བྱས་ཏེ། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་དུ་སྤུས་མཐོའི་འཕེལ་རྒྱས་གཏོང་བའི་མདུན་གྲལ་དུ་སྐྱོད་པ་དང་། དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་སྔོན་ལ་བརྩོན་ལེན་བྱེད་པ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཆེན་པོ་འཇོག་པ་བཅས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཅང་ཞི་ཡི་ལེའུ་འབད་བརྩོན་ཆེན་པོས་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད། 

     ཟླ10ཚེས10ཉིན་ནས་ཚེས13ཉིན་བར། ཅང་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དབྱིན་ཧུང་དང་། ཞིང་ཆེན་གྱི་འགོ་འཛིན་ཡེ་ཅན་ཁྲུན་ནས་ཕེབས་རོགས་ཞུས་པའི་འོག། ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཅིའུ་ཅང་དང་། ཅིང་ཏེ་ཀྲེན། ཧྲང་རའོ་སོགས་སུ་ཕེབས་ཏེ་འབྲི་ཆུའི་འགྲམ་རྒྱུད་དང་ཁེ་ལས། ལོ་རྒྱུས་རིག་གནས་ཁྲོམ་གཞུང་། གྲོང་གསེབ་སོགས་སུ་བརྟག་ཞིབ་གནང་བ་རེད། 

     ཚེས10ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཅིའུ་ཅང་གྲོང་ཁྱེར་དུ་ཕེབས་ནས་བརྟག་ཞིབ་གནང་ཡོད། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་ཅིའུ་ཅང་གྲོང་ཁུལ་དུམ་བུར། ཞི་ཅིན་ཕིང་བི་ཕ་བསིལ་ཁང་དུ་ཕེབས་ནས་འབྲི་ཆུར་རྒྱང་གཟིགས་གནང་བ་དང་། ཆར་ཆུར་མ་འཛེམས་པར་ཞབས་ཐང་ལ་གཙང་པོའི་འགྲམ་རྒྱུད་ཀྱི་རྣམ་པར་གཟིགས་ཞིབ་གནང་བ། འབྲི་ཆུའི་ཆུ་ཁ་དང་། ཆུ་སྤུས། ཆུ་ཐོག་སྐྱེལ་འདྲེན། ཆུ་ལོག་སྔོན་འགོག ཉ་འཛིན་གཏན་འགོག་སོགས་ཀྱི་གནས་ཚུལ་ཐད་འདྲི་རྩད་ཞིབ་ཕྲ་གནང་བ་མ་ཟད། ས་གནས་དེ་གའི་ཆུ་ངོགས་བཅོས་སྐྱོང་དང་། གྲུ་ལམ་ཤར་བགྲོད། མཚོ་ངོགས་རྒྱུད་ཀྱི་འབྱུང་ཁམས་ཉམས་གསོ་སོགས་ཀྱི་ལས་ཀའི་འཕེལ་རིམ་ངོ་སྤྲོད་ཞུས་པར་གསན་གནང་ཡོད། ཞི་ཅིན་ཕིང་གིས། འབྲི་ཆུ་ནི་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འབྲེལ་ཐག་ལྟ་བུ་ཡིན། མ་འོངས་པར་འབྲི་ཆུའི་དཔལ་འབྱོར་རྒྱུད་ལ་འཕེལ་རྒྱས་གང་འདྲ་འབྱུང་བ་དང་འཕེལ་རྒྱས་ཀྱི་དུས་མཚམས་གང་ཞིག་ཏུ་སླེབས་ཀྱང་འབྲི་ཆུའི་གསོ་སྐྱོང་དང་ཁ་འབྲལ་མི་སྲིད་པས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཚེ་སྲོག་གཅིག་མཐུན་མ་ལག་ལ་གཞི་ཚུགས་པ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་དམིགས་ནས་འབྲི་ཆུ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན་གནང་ཡོད།

      ཞི་ཅིན་ཕིང་དེ་རྗེས་རླངས་འཁོར་ལ་བཞུགས་ནས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཅིའུ་ཅང་ཡན་ལག་ཀུང་སིར་ཕེབས་ཡོད། ཁོང་གིས་ཀུང་སིའི་ཐོན་སྐྱེད་དོ་དམ་ཚོད་འཛིན་ལྟེ་གནས་ཀྱི་ཚོད་འཛིན་ཚོམས་ཆེན་དང་ཞིབ་དཔྱད་ཚད་ལེན་ལྟེ་གནས་ཚོད་ལྟ་ཁང་དུ་ཕེབས་ནས་ཁེ་ལས་ཀྱི་རྣམ་པ་བརྗེ་སྒྱུར་རིམ་སྤོར་གྱིས་སྦགས་མེད་རིག་ནུས་བཟོ་གྲྭ་སྐྲུན་པ་དང་དེ་བཞིན་ནུས་རྒྱུ་བསྲི་ཚགས་དང་སྦགས་བཙོག་ཉུང་གཏོང་། ཐཱན་ཉུང་གཏོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཁེ་ལས་ཀྱིས་ཚན་རིག་དང་མཐུན་པའི་ཞིབ་དཔྱད་ཚད་ལེན་བྱེད་པ་དང་བཙོག་འབུད་ཚད་གཞི་ནན་དུ་གཏོང་བ་སོགས་ཀྱི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས། “རྫས་འགྱུར་བཟོ་ལས་ཀྱིས་གཙང་པོ་མཐའ་བསྐོར་བའི”གནད་དོན་ཐག་གཅོད་བྱ་རྒྱུ་ནི་འབྲི་ཆུའི་འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་གཙོ་གནད་གཅིག་ཡིན་པས། ཡང་འབད་བསྐྱར་འབད་བྱས་ནས་འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་བརྒྱུད་རིམ་ཧྲིལ་པོར་སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་མཐའ་འཁྱོངས་བྱས་ཏེ། གྲངས་འཛིན་རིག་ནུས་ཅན་གྱི་སྒྱུར་བཀོད་དང་སྦགས་མེད་ཅན་གྱི་རྣམ་པ་བརྗེ་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་གཏོང་བ་དང་འཛམ་གླིང་ཐོག་སྔོན་ཐོན་གྱི་སྦགས་མེད་རིག་ནུས་བཙོ་སྦྱངས་ཁེ་ལས་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

ཚོད་ལྟ་ཁང་གི་ཕྱི་རོལ་དུ་ཁེ་ལས་ཀྱི་ལས་བཟོ་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད།  ཞི་ཅིན་ཕིང་གིས་ཚང་མར་བྱམས་བརྩེའི་ངང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ནི་རྒྱལ་དམངས་དཔལ་འབྱོར་གྱི་གལ་ཆེའི་སྲོག་ཤིང་ཐོན་ལས་ཡིན་པས། ཁྱེད་ཚོས་ཏང་ཀྲུང་དབྱང་གིས་རྣམ་པ་གསར་པའི་བཟོ་ལས་ཅན་གྱི་བཀོད་སྒྲིག་བླང་བྱ་ལྟར། སྦགས་མེད་དང་རིག་ནུས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཏན་ཏན་ཏིག་ཏིག་དང་སྙིང་སྟོབས་ཆེར་བསྐྱེད་ངང་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་འགན་སྲུང་དང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཞེས་གསུངས་གནང་ཡོད།

     ཚེས11ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཅིན་ཏེ་ཀྲེན་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་དཔྱད་གནང་བར་ཕེབས་ཡོད། ཐའོ་དབྱང་ལི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ། ཞི་ཅིན་ཕིང་སྔ་རྗེས་སུ་ནན་ལུ་གནའ་ཤུལ་དང་། རྫ་དཀར་རྟེན་རྫས་བཤམས་མཛོད་ཁང་། མིང་དང་ཆིང་རྒྱལ་རབས་ཀྱི་སོ་གཏོང་ཐབ་ཁའི་ཚོགས་བཅས་སུ་ཕེབས་ནས་ཐུགས་སྣང་གཤིན་པོས་རྫ་ཆས་བཟོ་བའི་ལག་རྩལ་གྱི་བརྒྱུད་རིམ་དང་། རྫ་དཀར་རིག་གནས་རྒྱུན་འཛིན་གསར་གཏོད། ཕྱི་ཕྱོགས་དང་སྤེལ་རེས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་མ་ཟད། ཁོང་ཚོའི་ལག་རྩལ་དང་ལག་ཤེས་པའི་སྙིང་སྟོབས་ལ་བསྔགས་བརྗོད་ཡང་སེ་གནང་ཞིང་། ཁོང་ཚོས་སྒྱུ་རྩལ་རྩ་བའི་རྩེ་མོར་འཇོག་རྒྱུ་རྒྱུན་འཛིན་གྱིས་བློ་གཅིག་སེམས་གཅིག་གི་རྒྱུན་འཛིན་དང་གསར་གཏོད་ལ་གཞོལ་རྒྱུའི་སྐུལ་མ་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གནའ་སྔ་མོ་ནས་ད་བར་རྒྱུན་ཆད་མྱོང་མེད། རྫ་དཀར་ནི་ཀྲུང་ཧྭའི་མཆོག་ནོར་ཞིག་དང་ཀྲུང་ཧྭའི་ཤེས་དཔལ་གྱི་མིང་བྱང་གལ་ཆེན་ཞིག་རེད། ཐའོ་དབྱང་ལི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་གིས་སྲུང་སྐྱོང་ཨང་དང་པོར་བརྩི་བ་དང་རྙིང་པ་རྙིང་པ་ལྟར་ཉམས་གསོ་བྱེད་པའི་བླང་བྱར་བརྩི་སྲུང་ནན་པོ་ཞུས་ནས། རྫ་དཀར་རིག་གནས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་ཡོང་བ་བྱེད་དགོས་ཤིང་། ཕྱོགས་ཁག་གི་ཤེས་ལྡན་མི་སྣ་གཅིག་སྡུད་བྱེད་པ་དང་གསར་གཏོད་ཇུས་འགོད་དང་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་ནས། རྫ་དཀར་ཐོན་ལས་སྔར་བས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། “ལོ་ངོ་སྟོང་གི་རྫ་དཀར་གྲོང་ཁྱེར”ཞེས་པའི་བཀྲག་མདངས་ཆེ་བའི་མིང་བྱང་དེ་སྔར་བས་བཀྲག་མདངས་འཚེར་སར་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་ཡོད།

      དེ་རྗེས།  ཞི་ཅིན་ཕིང་ཁྲང་ཧོ་གནམ་གྲུའི་བཟོ་ལས(ཚོགས་པ)¬ཚད་ཡོད་ཀུང་སིར་ཐད་འཕུར་གནམ་གྲུའི་སྒྲིག་སྦྱོར་འཁོར་ཁང་དང་ཚོད་འཕུར་ས་ཚིགས་སུ་རྟོག་ཞིབ་གནང་བར་ཕེབས་པ་དང་།  ལག་རྩལ་གསར་གཏོད་དང་ཐོན་རྫས་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཁེ་ལས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས།   མཁའ་འགྲུལ་སྒྲིག་ཆས་ནི་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་གོང་འཕེལ་གྱི་གཙོ་གནད་ཅིག་རེད། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  འགག་རྩའི་ལྟེ་བའི་ལག་རྩལ་རང་བརྟེན་ཞིབ་འཇུག་གསར་སྤེལ་ཐད་འབད་བརྩོན་དེ་བས་ཆེ་བ་བྱེད་པ་དང་།  འབྱུང་འགྱུར་གྱི་དགོས་མཁོར་དམིགས་ནས་ཐོན་རྫས་གསར་པ་གཏོད་དེ་སྔོན་ཐོན་གྱི་བཟོ་སྐྲུན་མ་ལག་ཧུར་ཐག་འཛུགས་པ་དང་འཛམ་གླིང་ཐོག་གི་ཐད་འཕུར་གནམ་གྲུའི་ཁེ་ལས་རྩེ་གྲ་ཞིག་གཏོད་དགོས་ཞེས་གསུངས་པ་རེད། 

     ཚེས11ཉིན་གྱི་ཕྱི་དྲོ།  ཞི་ཅིན་ཕིང་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་ཆིའུ་ཁོའུ་གྲོང་རྡལ་ཝང་ཚུན་ཧྲེ་མོན་རང་བྱུང་གྲོང་ཚོར་ཕེབས་ཡོད། གྲོང་ཚོ་དེ་ནི་རའོ་ཧོ་ཡོན་གྱི་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ལྟེ་བའི་ཁུལ་ཞིག་ཡིན་ཁར། སྟོངས་ལ་ཉེ་བའི་འདབ་ཆགས་མགོ་སྔོན་ཙའོ་མའེ་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཀྱང་ཡིན་པས་སྔོ་ཁེབས་སྣ་མང་དང་འབྱུང་ཁམས་ཡག་པོ་ཡོད།  ཞི་ཅིན་ཕིང་གིས་འདམ་རའི་སྤྱི་གླིང་དང་མགོ་སྔོན་ཙའོ་མའེ་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གྲོང་ཚོའི་ཐང་ཆེན་དུ་སྲན་དམར་དང་།  མ་རྨོས་ལོ་ཏོག  སུར་པན་སོགས་སྟོན་དུས་ཉི་སྐམ་གཏོང་བཞིན་ཡོད་པ་དང་།  མཛེས་རྩལ་སློབ་གླིང་གི་དགེ་སློབ་རྣམས་ཀྱིས་ཡུལ་ལྗོངས་འབྲི་བཞིན་ཡོད། ཞི་ཅིན་ཕིང་གིས་ཁོང་ཚོའི་རི་མོ་འབྲི་ཚུལ་ལ་གཟིགས་པ་དང་།   ཁོང་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ཁོང་ཚོར་རྨང་གཞི་བརྟན་པོ་འདིང་རྒྱུའི་ལྕག་སྐུལ་གནང་བ་རེད། ས་གནས་དེ་གའི་ཁྱད་ལྡན་ཡུལ་སྐོར་དང་ཇའི་ཐོན་ལས་གོང་འཕེལ་བཏང་བར་བརྟེན་གྲོང་གསེབ་དར་རྒྱས་ཡོང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མཁྱེན་རྗེས་ཧ་ཅང་མཉེས་པོ་བྱུང་ཡོད།  ཁོང་གིས།  མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་ནི་མ་གཞི་ནས་གྲོང་གསེབ་དར་རྒྱས་གཏོང་བའི་སྤུས་ལེགས་ཐོན་ཁུངས་ཤིག་ཡིན་པས་འབྱུང་ཁམས་རིན་ཐང་བརྗེ་སྒྱུར་མངོན་འགྱུར་ཡོང་བ་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་བཙལ་ནས་མང་ཚོགས་ལ་ཕན་པ་དངོས་ཐོབ་པ་བྱེད་དགོས།   གྲོང་གསེབ་དར་རྒྱས་གཏོང་དགོས་ན།   གཞི་རིམ་ཏང་རྩ་འཛུགས་སྒྲིག་འཛུགས་ཡག་པོ་དང་འཛུགས་སྐྱོང་ཡག་པོ་བྱ་རྒྱུ་དེ་འགག་རྩ་ཡིན། གཞི་རིམ་ཏང་རྩ་འཛུགས་ནི་མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཞིག་ཏུ་འགྱུར་བ་བྱས་ནས་ཏང་གི་དམངས་ཕན་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཏེ། དམག་འཐབ་ཀྱི་མཁར་རྫོང་ངོ་མ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་ཡོད།

     གྲོང་ཚོ་ནས་ཞལ་གྱེས་སྐབས། གྲོང་མི་ཚོས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་གྲོང་ཁྱེར་གྱི་དེང་རབས་ཅན་ཡོད་དགོས་ལ་ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་ཡང་ཡོད་དགོས། ང་རང་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཁྱེད་ཚོས་རང་བྱུང་འབྱུང་ཁམས་སྲུང་སྐྱོང་ཡག་པོ་བྱས་ཐོག སྲོལ་རྒྱུན་གྱི་གྲོང་སྡེའི་ཉམས་སྣང་དང་དེང་རབས་ཀྱི་གཞི་རྒྱུ་ཟུང་དུ་འབྲེལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཛེས་དཔྱད་འདོད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་དེ་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་པ་དང་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྤྲོ་སྣང་འཕེལ་བ་དང་དེ་ཙམ་གྱིས་བདེ་སྐྱིད་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

ཚེས13ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཅང་ཞི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་པ་དང་། ཅང་ཞི་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཡོད།  

      ཞི་ཅིན་ཕིང་གིས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་པར་བརྗིད་ཆེའི་བློ་སྟོབས་དགོས་པ་མ་ཟད། གནས་བབ་བརྩོན་ལེན་གྱིས་གོང་འཕེལ་ཧུར་ཐག་གཏོང་དགོས་ལ་དོན་དངོས་ལ་གཞི་ཚུགས་པ་དང་གནས་བརྗེ་གོང་འཕེལ་གཏོང་མཁས་པོ་བྱེད་དགོས། ངེས་གནས་ཡང་དག་འཚོལ་བ་དང་ཁ་ཕྱོགས་གསལ་པོ་ཡོང་བ་བྱེད་པ། ཐོན་ཁུངས་བསྡུ་སྒྲིལ་དང་གནད་སྨིན་ཤུགས་རྒྱག་པ་བཅས་ཀྱིས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་མགྱོགས་སུ་གཏོང་བ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གོང་འཕེལ་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་ཧུར་ཐག་བྱེད་པ་བཅས་བྱས་ནས།   ཅང་ཞི་ཡི་ཁྱད་ཆོས་དང་བཟང་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གཏོད་དགོས། དམིགས་ས་ཡོད་པའི་སྒོ་ནས་གསར་གཏོད་ཀྱི་འབྲེལ་ཐག་བཀོད་སྒྲིག་དང་། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་ཐོན་ཁུངས་དང་འབྲེལ་མཐུད་ཧུར་ཐག་བྱེད་པ། འགག་རྩའི་ལྟེ་བའི་ལག་རྩལ་ཁག་གཅིག་ཚད་བརྒལ་ཡོང་བ་བྱེད་པ། ལག་རྩལ་མཐོ་གསར་གྱི་ཐོན་ལས་ཁག་གཅིག་བསྐྲུན་པ་བཅས་བྱས་ནས། རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་ཐོན་ལས་ཁྱུ་ཚོགས་ཆགས་པ་བྱ་དགོས། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་གྲངས་འཛིན་དཔལ་འབྱོར་གོང་འཕེལ་དང་རྒྱ་སྐྱེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་འབྱུང་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ། ཕྱོགས་ཡོངས་ནས་སྦགས་མེད་བརྗེ་སྒྱུར་ལ་སྐུལ་འདེད་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཐོ་ས་གཏོད་དགོས་ཞེས་བསྟན་གནང་ཡོད། 

      ཞི་ཅིན་ཕིང་གིས། ཅང་ཞི་ཡིས་ཤར་ནུབ་སྦྲེལ་ཞིང་ལྷོ་བྱང་འབྲེལ་མཐུད་བྱེད་པ་དང་། ཆུ་ཐོག་ཤར་བགྲོད་དང་མཚོ་ཐོག་སྐྱོད་ཐུབ་པས། རྒྱལ་ཁབ་མང་པོ་ཞིག་གི་འཐབ་ཇུས་གལ་ཆེན་རྩེག་སྣོན་དུ་གནས་ཡོད། ཕྱི་ནང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐམ་སའི་དབུས་ཁུལ་གྱི་བསྒྱུར་བཅོས་སྒོ་དབྱེའི་མཐོ་ས་གཏོད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་ཐུབ་པ་བཅས་བྱེད་དགོས། འགག་སྒོའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ལྷུ་ཚིགས་གལ་ཆེན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ། ས་ཁོངས་རང་བཞིན་གྱི་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས་དང་ཚོང་དོན་ལྟེ་གནས་བསྐྲུན་དགོས། གྲོང་ཁྱེར་གྱི་ཁྱབ་ཁོངས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་དང་ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་འཛུགས་སྐྲུན་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་དེར་ཞབས་འདེགས་ཞུས་ཏེ། མ་དངུལ་དང་ལག་རྩལ། ཤེས་ལྡན་མི་སྣ་སོགས་ཡིད་འགུག་བྱེད་ནུས་ཆེ་རུ་གཏོང་དགོས། འབྱུང་ཁམས་ཀྱི་བཟང་ཆ་དང་སྲོལ་རྒྱུན་གྱི་ཞིང་ལས་བཟང་ཆ་འདོན་སྤེལ་བྱས་ནས། ས་ཁོངས་རང་བཞིན་གྱི་སྤུས་ལེགས་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་དང་མཁོ་སྤྲོད་རྟེན་གཞི་བསྐྲུན་དགོས། སྲོལ་རྒྱུན་གྱི་ཚོང་འགྲུལ་ལམ་བུ་སྲ་བརྟན་དུ་གཏོང་བ་དང་། ལམ་བུ་གསར་པ་ཧུར་ཐག་གཏོད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་མཉམ་འདྲེས་གཏིང་ཟབ་ཐུབ་པ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་སྤེལ་བ་དང་། ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་འབྱེད་གོམ་སྟབས་བརྟན་པོའི་ངང་ཆེ་རུ་གཏོང་དགོས། དམངས་ཁྲོད་ཀྱི་མ་འཇོག་ཁྲོམ་རའི་ཞུགས་འཐུས་གོ་རིམ་ལྡན་པའི་ངང་རྒྱ་སྐྱེད་གཏོང་བ་དང་། གཞུང་དྲང་འགྲན་རྩོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་བ། ཉེ་གཙང་གཅིག་གྱུར་གྱི་སྲིད་ཚོང་འབྲེལ་བ་གསར་པ་འཛུགས་པ་བཅས་བྱས་ཏེ། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད། 

       ཞི་ཅིན་ཕིང་གིས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བ། འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ། ཞིང་ལས་ཐོན་ལས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ཐོན་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ། སྦགས་མེད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་བཅས་རྒྱུན་འཁྱོངས་ཀྱིས་ཞིང་ལས་འཛུགས་སྐྲུན་དེ་ཐོན་ལས་ཆེན་པོར་འགྱུར་བར་བྱེད་པ་དང་ཞིང་ལས་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་གང་མགྱོགས་བྱ་དགོས། ནགས་ཚལ་བརྟེན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ནགས་ཚལ་གྱི་བཟའ་བཅའ་གསར་སྤེལ་བྱེད་པ། འབྱུང་ཁམས་ཡུལ་སྐོར་དང་ནགས་ཚལ་ལ་བརྟེན་ནས་ལུས་ཁམས་གསོ་བ་སོགས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་དགོས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ལ་དེ་བས་མང་བ་བརྟེན་ནས། ནང་ངོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། སྤྱི་པའི་ཞབས་ཞུ། ཁོར་ཡུག་བཅོས་སྒྲིག ཡུལ་སྲོལ་འཛུགས་སྐྱོང་བཅས་ལ་དམིགས་ནས། གོམ་པ་རིམ་བགྲོད་དང་སྙིང་རུས་གཏན་འཁྱོངས་ཀྱིས་དངོས་དོན་ཁག་གཅིག་བསྒྲུབ་ཐུབ་རྒྱུར་དམ་འཛིན་བྱེད་པ་དང་མང་ཚོགས་ཀྱིས་འགྱུར་ལྡོག་གསར་པ་མཐོང་ཐུབ་པ་བྱ་དགོས་ཞེས་བསྟན་གནང་ཡོད།

      ཞི་ཅིན་ཕིང་གིས། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་མི་དམངས་ཀྱིས་བསྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པར་འགན་ལེན་བྱ་རྒྱུ་ནི་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་མ་མཐའི་ལས་འགན་ཞིག་རེད། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ཐོག ལས་གནས་བརྟན་པོ་དང་ལས་གནས་རྒྱ་སྐྱེད་བཏང་ནས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས། རྨང་གཞིའི་རང་བཞིན་དང་། ཀུན་ཕན་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་རོགས་སྐྱོབ་དང་དགེ་སྒྲུབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། དབུལ་ལོག་ཐེབས་རྒྱུ་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དང་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། 

     ཞི་ཅིན་ཕིང་གིས། ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་། ཅིན་ཀང་རི་བོའི་སྙིང་སྟོབས་དང་། སུའུ་ཁུལ་གྱི་སྙིང་སྟོབས། རྒྱང་སྐྱོད་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ཏེ་ཏང་ཡོན་དང་ལས་བྱེད་པར་སྐུལ་མ་གཏོང་བ་དང་། ཏང་ཡོན་དང་ལས་བྱེད་པས་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པ། གསར་གཏོད་ཡར་བརྩོན་ཧུར་ཐག་བྱེད་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། དོན་དངོས་ཀྱི་བླང་བྱ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་དང་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་ཏན་ཏིག་བྱེད་པ། མངོན་གསལ་དོད་པའི་གནད་དོན་ཞིབ་བཤེར་དང་དག་ཐེར་ཏན་ཏིག་བྱེད་པ། དམངས་ཕན་གྱི་བྱ་བ་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཡིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད། 

     ལི་ཀན་ཅེ་དང་། ཧོ་ལི་ཧྥུང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་སྐོར་གཟིགས་མཛུབ་ཁྲིད་ཚོགས་ཆུང་བརྒྱད་པའི་འགན་འཁུར་བློ་མཐུན་སྙན་སེང་ཚོགས་འདུར་ཞུགས་ཡོད།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༤༩༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།