རྟ་མགྲིན་རྡོ་རྗེས་བསྒྱུར། 2023-10-16
འཕྲུལ་ཆས་སྤྱད་ནས་བརྔ་བསྡུ་བྱེད་བཞིན་པའི་ཚུལ།
སྟོན་སྡུད་དུས་ཚིགས་ཀྱི་སྐབས་སུ། དཔལ་ཡུལ་རྫོང་འཛིན་ཁོག་ཡུལ་ཤོག་སྤང་ས་སྨད་མ་གྲོང་སྡེའི་མུའུ་སྟོང་གི་ནས་འདེབས་འཛུགས་རྟེན་གཞིར་ལོ་ལེགས་བྱུང་བ་རེད། རྒྱང་རིང་ནས་བལྟས་ན་ས་ཞིང་ཡངས་པོར་བརྔ་བསྡུ་འཕྲུལ་ཆས་ཀྱི་ལྡིར་སྒྲ་གྲག་བཞིན་ཕར་འགྲོ་ཚུར་འོང་དང་གྲོང་མི་ཚོ་བྲེལ་འཚུབ་ཀྱི་ངང་ནས་མུ་ཁར་བསྐྱོད་པ་སོགས་སྟོན་སྡུད་ཀྱི་རྣམ་པ་ཞིག་རབ་ཏུ་མངོན།
བརྔ་བསྡུ་བྱ་ཡུལ་དུ་གྲོང་མི་ཚོས་ཧུར་སེམས་ཆེན་པོའི་སྒོ་ནས་ལག་ཏུ་ཟོར་བ་བཟུང་ནས་གླུ་ལེན་བཞིན་འབྲས་བུའི་ཁོ་ལག་རབ་ཏུ་རྫོགས་པའི་ལོ་ཏོག་བརྔ་བསྡུ་བྱེད་པར་བྲེལ། ཡང་ལ་ལས་སྨིན་ཟིན་པའི་ནས་བསྡམས་ནས་གྲལ་བསྟར་བསྒྲིགས་རྗེས་གྲལ་འགྲིག་པའི་ནས་གྱང་བརྩིགས་ཡོད། ཐག་རིང་པོ་མེད་པའི་མཚམས་དེར། དེང་རབས་ཅན་གྱི་བརྔ་བསྡུ་འཕྲུལ་ཆས་ཀྱང་རྒྱ་ཆེ་བའི་ས་ཞིང་ནང་དུ་ཕར་འགྲོ་ཚུར་འོང་བྱས་ནས་དུས་ཚོད་རིང་པོ་མ་འགོར་བར་འབྲས་བུ་རླངས་འཁོར་དུ་བླུགས་པས་བརྔ་བསྡུའི་ཚན་རིག་ལག་རྩལ་མངོན་པ་རེད། གྲོང་མི་ཚོ་བརྔ་བསྡུ་དང་། སྐྱེལ་འདྲེན། ཉི་མར་སྐེམ་པ་བཅས་ཀྱི་ལས་ལ་བྲེལ་ནས་ཡིད་སེམས་དགའ་སྤྲོས་ཁེངས།
འཛིན་ཁོག་ཡུལ་ཤོག་གི་ཡུལ་དཔོན་ཚེ་དབང་འགྱུར་མེད་ལགས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཐུགས་ཁུར་འོག་ང་ཚོས་ཞིང་ལས་འཕྲུལ་ཆས་ཆེན་པོས་བརྔ་བསྡུའི་བྱ་ཐབས་སྤྱད་དེ་བརྔ་བསྡུའི་ལས་ཕྱོད་ཆེ་རུ་བཏང་བ་དང་ཆབས་ཅིག་ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་བཏང་ཡོད། སླད་ཕྱིན་ཉིན་གཉིས་ནང་ང་ཚོས་ནས་མུའུ1337བརྔ་བསྡུ་བྱ་རྒྱུ་ཡིན་ཞེས་བཤད།
སྤང་ས་སྨད་མ་གྲོང་སྡེའི་གྲོང་མི་ཀརྨ་ལྷ་མོས་ད་ལོའི་ནས་ཀྱི་ཐོན་འབབ་ཧ་ཅང་ཡག་པོ་འདུག། ང་ཚོ་མི་སེར་རྣམས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་འདུག་པས་ང་རང་གི་སེམས་པ་དགའ་པོ་འདུག་ཅེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་དཔལ་ཡུལ་རྫོང་གི་ནས་འདེབས་ཁྱོན་མུའུ42950ལ་ཟིན་ཡོད་པ་རེད། ད་སྔར་ནས་བསྡུ་བའི་དུས་སུ་སླེབས་པས་བརྔ་བསྡུ་ཁྱོན་མུའུ25800ལ་ཟིན་ཡོད་པ་རེད།
འཛིན་ཁོག་ཡུལ་ཤོག་ནི་དཔལ་ཡུལ་རྫོང་གི་བྱང་རྒྱུད་དུ་གནས་པ་དང་ས་བབ་ཁོད་སྙོམས་ལ་ནས་བཏབ་པར་ལོ་རྒྱུས་ཡུན་རིང་ལྡན། ཉེ་བའི་ལོ་ཤས་རིང་། དཔལ་ཡུལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ནས“ཞིང་གསུམ”ལས་དོན་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན། དཔལ་ཡུལ་རྫོང་གི་དོན་དངོས་དང་ཟུང་དུ་འབྲེལ་ནས་ཡུལ་བབ་དང་བསྟུན་ཏེ་འཛིན་ཁོག་ཡུལ་ཤོག་ཏུ་མུའུ་སྟོང་གི་ནས་འདེབས་འཛུགས་ལྟེ་བའི་ཁུལ་བསྐྲུན་ཏེ་ས་གནས་དེ་གའི་གྲོང་མིའི་སྲོལ་རྒྱུན་འདེབས་འཛུགས་ནས་ཚན་རིག་ཅན་དང་གཞི་ཁྱོན་ལྡན་པའི་འདེབས་འཛུགས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ནས་ཞིང་པ་མང་ཚོགས་ཀྱི་འདེབས་འཛུགས་ཧུར་བརྩོན་རང་བཞིན་རྒྱ་ཁྱབ་ངང་སྐུལ་འདེད་བཏང་བ་དང་། ཞིང་འབྲོག་ལས་འཕེལ་རྒྱས་སྒྲིག་གཞིའི་འགལ་རྐྱེན་རྩ་བ་ནས་བསལ། ནས་སོན་གསར་པ་མུའུ1300ལྷག་བཏབ་ནས་ཁྱབ་གདལ་དང་ནས་ཀྱི་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ནས་རྟེན་གཞི་མུའུ་སྟོང་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་སྟེ་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ཡུལ་སྡེ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10