འགྲོ་སྐྱོད་སྟབས་བདེར་ཡོང་ཆེད་གློག་གསོག་ས་ཚུགས་མང་དུ་བཏང་།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-10-18

རང་ཁུལ་གྱི་ཞབས་ཞུ་ཁུལ་བཞིའི་གློག་གསོག་ས་ཚུགས་རིམ་པར་བེད་སྤྱོད་གཏང་རྩིས་ཡོད།

འགྲོ་སྐྱོད་སྟབས་བདེར་ཡོང་ཆེད་གློག་གསོག་ས་ཚུགས་མང་དུ་བཏང་།
འདི་ནི་འདབ་པ་རྫོང་གསུམ་འདུས་གནམ་དཔྱད་གནའ་རྫས་རྟོག་ཞིབ་གཙོ་དོན་ཞབས་ཞུ་ཁུལ་གྱི་གློག་གསོག་ས་ཚུགས་རེད།

ཉེ་བའི་ལོ་ཤས་རིང་། སྦགས་མེད་འགྲོ་སྐྱོད་དང་ནུས་རྒྱུ་བསྲི་ཚགས་ཡིན་པ། ཐཱན་ཉུང་དང་ཁོར་ཡུག་སྲུང་སྐྱོང་བཅས་ཡིན་པའི་གློག་སྒུལ་རླངས་འཁོར་ལ་མི་ཚང་མས་དགའ་བསུ་ཐོབ། ད་ལོའི་ཟླ་མཆོད་དང་རྒྱལ་སྟོན་རིང་ཁྲེང་ཏུའུ་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ལི་ལགས་ཀྱིས་ཁྱིམ་ཚང་གང་བོ་ཁྲིད་དེ་གློག་རྐྱང་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲེང་ཏུའུ་ནས་བསྐོར་ཏེ་འདབ་པའི་ཉི་སྟེན་དུ་སླེབས། ལམ་བར་ནས་གསུམ་འདུས“གནམ་དཔྱད་གནའ་རྫས་རྟོག་ཞིབ”གཙོ་དོན་ཞབས་ཞུའི་ཁུལ་བརྒྱུད་སྐབས། བསམ་ཡུལ་ལས་འདས་པ་ཞིག་ལ་ཞབས་ཞུ་ཁུལ་དེར་གློག་གསོག་ཆས་མང་པོ་ཞིག་བཙུགས་ཡོད་པས་ནུས་རྒྱུ་གསར་པའི་རླངས་འཁོར་མང་པོ་ཞིག་གིས་གནས་དེར་གློག་གསོག་བཞིན་ཡོད་པ་མཐོང་བ་རེད།

སྐུ་ཞབས་ལི་ལགས་ཀྱིས་ཞབས་ཞུ་ཁུལ་འདིས་སྤྱི་པའི་ཐབ་ཚང་དང་། སྡོད་གནས། རིན་མི་དགོས་པའི་སྐུད་མེད་དྲ་བ་མཁོ་འདོན་ཐུབ་པར་མ་ཟད། ད་དུང་གློག་གསོག་མཛོད་སྒྲིག་སྦྱོར་བྱས་ཡོད་པས་ཧ་ཅང་སྟབས་བདེ་འདུག། ལམ་འཁྲིད་མཉེན་ཆས་ནས་ཞབས་ཞུ་ཁུལ་འདི་བཙལ་ནས་ཁྱིམ་མི་དང་མཉམ་དུ་ངལ་གསོ་བྱས་པ་ཡིན། ཞབས་ཞུའི་སྒྲིག་ཆས་དངོས་གནས་ཡག་པོ་འདུག་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞབས་ཞུ་ཁུལ་དེའི་གློག་གསོག་ས་ཚུགས་ཀྱིས་ཧྭ་ཝུའེ་སྤྱི་གཉེར་ཁང་འཁྱག་གཤེར་མྱུར་གསོག་ལག་རྩལ་ནང་འདྲེན་བྱས་ནས་མྱུར་གསོག་གློག་མཛོད་བཞི་དང་རིམ་བརྒལ་གློག་གསོག་མཛོད་གཉིས་བཙུགས་ཡོད་པ་དང་གློག་གསོག་མཛོད་རེ་རེར་གློག་གསོག་ཆས་གཉིས་རེ་སྒྲིག་སྦྱོར་བྱས་ཡོད། རིམ་བརྒལ་གློག་གསོག་མཛོད་ནི་སྐར་མ་བཅུ་གྲངས་ཙམ་གྱི་ནང་དུ་གློག་སྣོད་གང་ཐུབ་ནས་ཟ་མ་བཟས་ཚར་བ་ན་གློག་སྣོད་ཀྱང་གང་ནས་འགྲོ་སྐྱོད་ཐུབ་པའི་དམིགས་འབེན་མངོན་དུ་གྱུར།

གསུམ་འདུས“གནམ་དཔྱད་གནའ་རྫས་རྟོག་ཞིབ”ཀྱི་གཙོ་དོན་ཞབས་ཞུ་ཁུལ་ནི་ཁྲོན་བོད་ལྷོ་རྒྱུད་དང་ལི་ཐང་དང་ཉི་སྟེན་ལམ་དུ་འཆར་འགོད་བྱས་པའི་གཙོ་དོན་ཞབས་ཞུ་ཁུལ་དྲུག་གི་གྲས་ཤིག་རེད། འདི་ལོ་ནས་བཟུང་ཞབས་ཞུ་ཁུལ་དེས་གློག་ཤུགས་འཕྲིན་གཏོང་དང་། སྤྱི་པའི་གསང་སྤྱོད། གློག་གསོག་སྣུམ་སྣོན་སོགས་ཀྱི་ཞན་ཆ་ལ་དམིགས་ཏེ་འཛམ་གླིང་གི་སྔོན་ཐོན་ཚད་གཞི་དང་ཞིབ་བསྡུར་བྱས་ནས་མཚོན་རྟགས་ལམ་ཐིག་དང་། འཛུགས་སྐྲུན་རྣམ་པ། ཞབས་ཞུའི་ནུས་པ། ཞབས་ཞུའི་ཚད་གཞི་བཅས་གཞི་གཅིག་ཅན་གཏོད་པར་སྐུལ་འདེད་བཏང་སྟེ་སྒྲིག་བཀོད་དང་སྒྲིག་ཆས་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་ཞབས་ཞུ་ཁུལ་དེ་ཁྲོན་བོད་ལྷོ་ལམ་དང་ལི་ཐང་ནས་ཉི་སྟེན་བར་གྱི་གཞུང་ལམ་ཐོག་གི་ཁ་ལོ་བའི་ཁྱིམ་གཞིས་དང་འགྲོ་འོང་བྱེད་མཁན་གྱི་ཡུལ་སྐོར་བའི་སྙིང་ཉེ་བའི་ཁྱིམ་གཞིས་ཤིག་ཏུ་བསྐྲུན་པ་རེད།

ད་སྔར། རང་ཁུལ་གྱིས་དུས་སྔོན་ལ་ལག་བསྟར་བྱས་པའི་ཞབས་ཞུའི་ཁུལ་བཞི་ཡི་གློག་གསོག་ས་ཚུགས་བསྐྲུན་ཟིན། དེའི་ནང་གསུམ་འདུས་གནམ་དཔྱད་གནའ་རྫས་རྟོག་ཞིབ་གཙོ་དོན་ཞབས་ཞུ་ཁུལ་དང་ལི་ཐང་མཐོ་གྲོང་གཙོ་དོན་ཞབས་ཞུ་ཁུལ་གཉིས་སྤྱོད་འགོ་བརྩམས་ཡོད་པ་དང་། རྒྱུ་ལའི་གཙོ་གནད་ཞབས་ཞུ་ཁུལ་དང་མཁའ་རྩེའི་གཙོ་གནད་ཞབས་ཞུ་ཁུལ་གཉིས་ལ་གློག་སྐུད་འབྲེལ་མཐུད་བྱས་ན་བེད་སྤྱོད་ཆོག་པ་རེད། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་ཁྲོན་བོད་ལྷོ་རྒྱུད་དང་ལི་ཐང་དང་ཉི་སྟེན་བར་གྱི་གཞུང་ལམ་དུ་བཀོད་སྒྲིག་བྱས་པའི་གཙོ་དོན་ཞབས་ཞུ་ཁུལ་དྲུག་དང་ཆ་རྐྱེན་འཛོམས་པའི་གཙོ་གནད་ཞབས་ཞུ་ཁུལ་ཚང་མར་གཏན་འཇགས་ཀྱི་སྣུམ་སྣོན་ས་ཚུགས་དང་གློག་གསོག་ས་ཚུགས་བསྐྲུན་རྒྱུ་ཡིན་པར་མ་ཟད། འཛམ་གླིང་དུ་སྔོན་ཐོན་གྱི་རིམ་བརྒལ་མྱུར་གསོག་ལག་རྩལ་ནང་འདྲེན་བྱས་ནས་ལྗང་མདོག་ཐཱན་ཉུང་གི“གློག་གི་བར་ཁྱམས”གང་མགྱོགས་བསྐྲུན་ཏེ་སྤྱི་དམངས་ཉེན་མེད་དང་སྟབས་བདེ། སྦགས་མེད། མཛེས་སྡུག་བཅས་ཀྱི་འགྲོ་སྐྱོད་དགོས་མཁོ་སྔར་བས་བསྐང་རྒྱུ་རེད་ཅེས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན། རང་ཁུལ་གྱིས“5+9”ཞབས་ཞུའི་སྒྲིག་བཀོད་མ་ལག་གི་བཀོད་པ་དང་ཟུང་འབྲེལ་བྱས་ཏེ་ར་རྔ་ཁ་གཙོ་དོན་ཞབས་ཞུ་ཁུལ་སོགས་ས་ཚུགས་བཞི་གསར་དུ་བསྣན་ནས་ས་ཚུགས་རེར་གློག་གསོག་མཛོད་བཞི་ལས་མི་ཉུང་བ་དང་གློག་གསོག་མཛོད60kWལས་མི་དམའ་བའི་འཛུགས་སྐྲུན་ཚད་གཞི་ལྟར་བསྐྲུན་རྒྱུ་ཡིན་པ་རེད། གསུམ་འདུས་གཙོ་དོན་ཞབས་ཞུ་ཁུལ་སོགས་ས་ཚུགས་དགུ་རུ་གློག་གསོག་ས་ཚུགས་གསར་དུ་བསྣན་ནས་ལི་ཐང་ནས་འདབ་པ་བར་གྱི་གློག་གསོག་སྒྲིག་ཆས་ཀྱི་བར་ཐག་རིང་ཤོས་སྤྱི་ལེ155ནས་སྤྱི་ལེ125བར་བསྟུང་རྒྱུ་རེད། འདབ་པའི་ཉི་སྟེན་གནམ་ཐང་དུ་རིམ་བརྒལ་གློག་གསོག་ས་ཚུགས་ཁག་གཅིག་བསྐྲུན་ནས་གནམ་ཐང་གི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏང་བ་དང་། དར་མདོ་དང་ཉག་ཆུ་ཁ། ལི་ཐང་། འབའ་ཐང་། འདབ་པ་སོགས་རྫོང(གྲོང་ཁྱེར)དང་ར་རྔ་ཁ་དང་ཤམ་བྷ་ལ་སོགས་ཡུལ་ཤོག་དང་གྲོང་རྡལ་ནང་གི་མགྲོན་ཁང་སོགས་ལ་གློག་གསོག་སྒྲིག་ཆས་གསར་པ་ཁག་གཅིག་ཁ་སྣོན་རྒྱག་པར་སྐུལ་འདེད་གཏང་རྒྱུ་རེད།

དེ་དང་ཆབས་ཅིག་ཆ་རྐྱེན་འཛོམས་པའི་ས་ཁོངས་སུ་རིམ་བརྒལ་དང་མྱུར་གསོག་གཞི་གཅིག་རིགས་འཁྱག་གཤེར་སྒྲིག་ཆས་སྐྲུན་པ་དང“5+9”ཡི་ཞབས་ཞུའི་ཁུལ་དུ་སྒུལ་བདེའི་གློག་གསོག་ཚང་མ་སྔོན་ཉར་བྱེད་ཅིང་། དགོས་མཁོ་ལྟར་སྒུལ་བདེའི་གློག་གསོག་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ་རླངས་འཁོར་འཚང་དུས་ཀྱི་གློག་གསོག་གནོན་ཤུགས་ཆུང་དུ་གཏོང་བ་དང་ལམ་ཕྱེད་ནས་གློག་མི་འདང་བའི་འཚུབ་བསྟུན་རོགས་སྐྱོབ་མཁོ་འདོན་བྱ་རྒྱུ་རེད། སྤྱོད་མཁན་མི་འདྲ་བའི་དགོས་མཁོ་དང་ས་གནས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་ཁེ་ལས་དང་མཉམ་འབྲེལ་བྱས་ཏེ་གཏན་ཁེལ་རྣམ་པ་དང་བརྡ་ལེན་རྣམ་པའི་གློག་གསོག་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་མ་གཏང་དགོས་སོ།།





  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་གིས་གནོད་ཐེབས་བྱུང་རྗེས་ཞིང་ལས་སླར་གསོ་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་བརྩམས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།