མུ་ཏིག་དཀར་མོ།

ཚོར་སྦྲང་།        2023-10-18

ལུས་ཀྱི་གར་སྟབས་ཅུང་ཙམ་འགུལ་བ་ན། །

བ་སྤུའི་རྩེ་མོ་མི་འདུག་གྱེན་དུ་གཟིངས། །

ཡིད་ལ་འཚམ་པའི་ཉམས་དགུའི་གར་མཁན་མར། །

བདུད་རྩི་འཁྱིལ་བའི་མཆོད་ཆང་ཧུབ་གང་འདྲེན། །

སྔོན་བསགས་ལས་ཀྱིས་སྨོན་པ་བཏབ་ཚུལ་གྱིས། །

ལྡེམ་ལྡེམ་འཁྱུག་པའི་ལང་ཚོའི་པད་མ་མངོན། །

འཇམ་སྙན་གྲེ་བའི་ལང་ཚོའི་རྩལ་རྫོགས་པ། །

མཐོང་བའི་མོད་ལ་བློ་སྙིང་འབྲིད་པར་བྱེད། །

ཐུགས་ལ་འཇགས་པའི་དུས་ཚོད་སྐར་ཆའི་ནང་། །

ཟག་མེད་བདེ་བའི་ནོམ་པ་ཅི་ཡང་སྟེར། །

མ་བསྐུལ་བུང་བ་ངང་གིས་འཁོར་བ་ཡི། །

སེམས་ཀྱི་བུ་མོ་རིན་ཆེན་མེ་ཏོག་ཡིན། །

སྐུ་ཆའི་ལུས་ལ་འཇོ་སྒེག་ལང་ཚོ་སྨིན། །

འཛུམ་པའི་ཚེ་ན་མུ་ཏིག་སོ་ཕྲེང་དཀར། །

གང་གིས་མཐོང་ན་མི་མཐུན་མེད་པ་ཡི། །

ཉ་གང་ཟླ་བའི་མདངས་བཞིན་རབ་ཏུ་གསལ། །

ཁྱོད་ཀྱི་ལང་ཚོ་སྙན་མོ་མགུར་ལ་གྱེར། །

མགུར་ལ་གྱེར་ནས་རིག་བྱེད་སྙིང་པོ་ལེན། །

སྙིང་པོ་བླངས་ནས་བརྩེ་དགའི་སྣང་སྲིད་ལ། །

ཁྱོད་ཀྱིས་བསླུས་པའི་འཇིག་རྟེན་ཆ་ཚང་འབྲི། །

ནང་སེམས་ཆར་བ་ཤུགས་ཀྱིས་འགོག་པའི་རྗེས། །

ཁྱེད་རང་ད་དུང་ཆར་པའི་ནང་ན་ཡོད། །

མི་འདོད་རྡུལ་གྱི་ཆར་པ་འཚུབ་དང་ལྷན། །

ཡིད་ཀྱི་ཤོག་ཁྲའི་ཚོན་གྱི་སྣེ་ཁ་རུབ། །

དེ་ཡང་ཁྱོད་ནི་རྟ་བདུན་ནུབ་དང་ལྷན། །

བཞད་པའི་རི་དྭགས་མཚན་མ་བཞིན་དུ་གསལ། །

མཚན་ལ་བགྲོད་པའི་ཆུ་ཤྭའི་སྟེང་ཤོད་དུ། །

ཇི་བཞིན་མཐོང་བའི་འོད་ཀྱི་མེ་ཁ་ཕྱེས། །

གནག་སྣུམ་སྐྲ་ལོའི་འོད་དཀར་གྱེན་དུ་ལངས། །

ཚོགས་དྲུག་སྣང་བ་སྐྲ་ཉག་རེ་རེར་འཕྱན། །

འཛུམ་བག་རྒོད་པའི་སྙིང་ཐུབ་བྱམས་པ་ལ། །

བརྩེ་འདང་འོ་ཇ་སེམས་ནས་ཁོལ་ཁོལ་བྱེད། །

འཁོར་འདས་ཀློང་ནས་ཟ་ཟིའི་སྨག་རུམ་རྒོད། །

ཁྱོད་ནི་ཡུལ་གྱར་ཁེར་རྐྱང་ཉུལ་ལ་དགའ། །

མི་མེད་ནགས་ལ་བགྲོད་པའི་དུས་སྐབས་རེར། །

ཁྱེད་རང་བསམས་ནས་མཚན་ཐུན་ཆག་པ་མང་། །

ནམ་ཞིག་མཐིང་གའི་པད་མ་སུ་ཡིས་ལེན། །

ཉ་རྒྱས་ཟླ་བའི་བྱད་བཞིན་སུ་ལ་སྟོན། །

མིག་ཟུང་བཙུམ་པའི་རྗེས་ལ་ཆགས་པ་ཡི། །

རིག་བྱེད་བུ་མོའི་སྐྲ་བདག་སུ་ཞིག་ཡིན། །

པད་དཀར་བློ་ཡི་གསེབ་ལ་ལྷུན་གྱིས་ཆགས། །

ལྡེམ་ལྡེམ་འཁྱུག་པའི་བྲོ་གར་རབ་ཏུ་མཛེས། །

དྲི་ཟའི་དབྱངས་ལ་དབྱངས་ཅན་གྲེ་བ་རྫོགས། །

ཉམས་དགའི་བུ་མོའི་མཛེས་པ་ལྷ་ལ་མཆོད། །



  • ལེ་ཚན་སྔོན་མ།:ཁྱེད་ཀྱིས་བདག་ལ་ལན་ཞིག་གདབ་རོགས་མཛོད།
  • ལེ་ཚན་རྗེས་མ།:དཔེ་ཀློག་གི་འཚོ་བ།