དཔེ་ཀློག་གི་འཚོ་བ།

མ་རུའི་ཚེ་དཔག་སྐྱབས།        2023-10-20

དཔེ་ཀློག་ནི་རྟ་རྒོད་སྲབ་ཀྱིས་གཅུན་པ་ལྟར།

གཞན་གྱི་བཀས་སྐུལ་དང་བཙན་

ཤེད་ཀྱི་དབང་གིས་མིན་པར།

དཔེ་ཀློག་ནི་རང་གི་མདུན་དུ་

བཞག་པའི་རྒུན་ཆང་ལྟར།

ཚོར་བ་དང་སྣང་བྲོད་ལྷན་འདྲེས་ཀྱིས་འཐུངས་ན་ལྷག་ཏུ་ཞིམ།

དཔེ་ཀློག་ནི་འགན་འཁྲི་ལྕི་མོའི་དུག་སྡོང་ཞིག་

མདུན་དུ་སྐྱེས་པར་མི་སྣང་ཞིང་།

དེ་ནི་དྲི་ཞིམ་ཙན་དན་གྱི་དྲི་བསུང་སྣ་དབང་གིས་སྣོམ་པ་ལྟར་བྱས་ཤིང་།

བརྗོད་དོན་གང་ཞིག་བྱ་གླག་གིས་ལུ་གུ་འཁུར་བ་བཞིན་དུ།

ངལ་བ་མེད་པར་གྱུར་ན་གཟོད་དཔེ་ཀློག་ནི་དགའ་

སྣང་གི་འཚོ་བ་ཞིག་ཡིན།

མཁའ་ལྡིང་གིས་དུག་སྦྲུལ་གསོད་ཐུབ་པ་ལྟར།

ཁྱེད་ཀྱིས་དཔེ་ཀློག་གི་ཁྲོད་ནས་ནོར་འཁྲུལ་མང་པོ་ཞིག་སེལ་ཐུབ་ན།

ད་གཟོད་ཁྱེད་ཀྱིས་སྤོབས་པ་འབྲོང་གི་རྭ་བར་ནས།

དོགས་གཅོད་ཀྱི་དྲི་བ་གང་ཞིག་ས་འབུར་གཤགས་པ་བཞིན་ནོ།།

ངང་བས་ཆུ་ལས་འོ་མ་ལེན་པ་ཡང་།

མདོར་དེད་ན་བླང་དོར་གྱི་གནས་སུ་མ་འཁྲུལ་བའི་རིག་པ་དེ་ཡིན།

ཡང་། དཔེ་ཀློག་ནི་མུན་ནག་ཁྲོད་དུ་བཀར་བའི་སྒྲོན་མེ་དང་།

བརྩོན་འགྲུས་ཀྱི་གྲུ་ལ་བརྟེན་ནས་རྒྱ་མཚོར་སྐྱོད་བྱེད་དེ་ཡིན་དགོས།

ཐབས་ཤེས་ཟུང་འཇུག་གི་ཞབས་ཟུང་དེ་དཔེ་ཀློག་ནས་བྱུང་།

ནད་པར་འཕྲོད་པའི་སྨན་དང་།

རི་རབ་ཀྱི་རྩེ་མཐོང་བའི་རྒྱང་ཤེལ་དེ་ཡིན་དགོས།

དེ་ནི་དཔེ་ཀློག་གིས་མི་ཚེ་ལ་ཐོན་པའི་ནུས་པ་ཆེ་ཤོས་དེ་ཡིན།

དཔེ་ཀློག་ནི་བསམ་བློ་ཇེ་ཞིབ་དང་བྱང་ཚད་ཇེ་མཐོར་འགྲོ་བར།

སྣོད་ལྡན་གང་ཟག་ཅིག་ཐོས་བསམ་གྱི་སྒོ་མོར་འཛུལ་བྱེད་དེ་ཡིན།

དཔེ་ཀློག་ནི་རང་སེམས་ཀྱི་གད་སྙིགས་ཐམས་ཅད་ཕྱིར་འབུད་དང་།

དགེ་སྐྱོན་གྱི་གནད་ལ་དཔྱོད་ཤེས་ཀྱིས་འཇུག་པའི་ལྡེ་མིག་དེ་ཡིན།

དཔེ་ཀློག་ནི་སྤྲོ་སྣང་གི་ལྡིང་ཁང་ཞིག་ཡིན་ལ།

ངང་དཀར་གྱིས་པད་མའི་རྩད་པ་ཟ་བ་བཞིན།

དཔེ་ཀློག་ནི་དགའ་ཕྱོགས་སུ་གྱུར་ན་བཟང་བ་ལས།

དཔེ་ཆ་དང་དཔེ་དེབ་གྱི་མདུན་དུ་གནས་ཀྱང་།

ཁྱིའི་ཁར་རྩྭ་བཞག་པ་ལྟར་ཕན་མེད་དུ་བསྐྱུར་ན་འགྲིག་གམ།

ཡང་། ཁ་ཅིག་གྲགས་སྙན་དང་། རང་རློམ། འུད་གཏམ་ལ་ཞེན་པས།

དཔེ་ཀློག་ནི་གཡག་ཞར་བས་རྩྭ་ཟ་བ་དང་གཉིས་སུ་མེད།

ཞིབ་གནད་ཀྱི་ལུང་བར་དོན་གྱི་རྩྭ་ཆུ་མེད་པས།

བྱེ་མའི་རི་ལུང་ནས་སྐོམ་པས་ཆུ་བཙལ་ཀྱང་མ་རྙེད་པ་བཞིན་ནོ།།

དཔེ་ཀློག་ནི་ཐོས་བསམ་གྱི་མིག་རྒྱང་རིང་དུ་བསྲིངས་ཏེ།

ནམ་མཁའི་བྱ་ཡིས་མཚོ་ནང་ནས་ཉ་མཐོང་བ་ལྟར།

བལྟ་བྱའི་དོན་གྱི་གནད་ཀ་ཟིན་ན།

དཔེ་ཀློག་ནི་རང་ཉིད་རང་གསལ་གྱི་མེ་ལོང་དེ་ཡིན་འོས།

དཔེ་ཀློག་ནི་ལོ་ཐོག་ཟླ་བཞག་གི་རྔུལ་ཆུ་གྲངས་མེད་ཀྱིས་གྲུབ་པས།

དཔེ་ཀློག་ལ་དཔེ་ཀློག་གི་འཇུག་སྒོ་རྒྱ་ཆེར་ཕྱེས་པའི་སྒོ་ཆེན་ཡོད་པས།

ལུང་རིགས་སེང་གེའི་མཇིང་བསྣོལ་དང་།

དཔེ་དོན་གའུ་ཁ་སྦྱོར་གྱི་ཁྱད་ཆོས་ཀྱིས་གནད་ལ་དཔྱད་ཐུབ།

དཔེ་ཀློག་ནི་མི་གཞིའི་ཀུན་སྤྱོད་ལ་བྱི་དོར་བྱེད་སའི་ཁྲུས་རྫིང་དེ་ཡིན།

དཔེ་ཀློག་ནི་བློ་གྲོས་ཀྱི་ཞིང་སར་བབས་པའི་དཔྱིད་ཆར་དེ་ཡིན།

ང་ཚོས་སྡེར་མའི་པང་དུ་སྦྲུལ་ལྷུང་བ་དང་སྒེག་མའི་མགོ་ལ་མེ་ཤོར་བ་ལྟར།

དུས་ཚོད་དམ་འཛིན་གྱིས་དཔེ་ཀློག་ལ་བརྩོན།

མི་ཚེ་ནི་ལྗོན་ཤིང་དང་མཚུངས་ལ་དཔེ་ཀློག་ནི་བརླན་གཤེར་དང་འདྲ།

དཔེ་ཀློག་ལ་འཇུག་སྐབས།

མ་ལག་ཞ་མའི་བུ་ཆུས་འཁུར་བ་ལྟར་མིན་པར།

རྒོད་པོ་བྲག་བར་ནས་འཕུར་བའི་རྣམ་དཔྱོད་ཀྱི་གཤོག་སྒྲོ་དགོས།

ལོང་བ་ཐང་སྟོང་དུ་འཁྱམས་པ་ལྟ་བུ་མིན་པར།

ཤེས་རབ་ཀྱི་རལ་གྲི་རྣོ་ངར་འབུམ་ལྡན་དེ་ཡིན་དགོས།

ཡང་། རང་གི་བློ་དང་འཚམ་མིན་མི་བལྟ་བར་དཔེ་ཀློག་བྱེད་པ་ནི།

ལོང་བས་མུན་ནག་ལ་མདའ་འཕེན་པ་ལྟ་བུ་ཡིན།

དཔེ་ཀློག་ནི་རང་མདོག་ཕྱི་རུ་ངོམ་བྱེད་དང་།

ནུས་མེད་ཤིང་གི་སེང་གེའི་འཇིགས་རྔམ་དེ་མིན་པར།

བ་མོ་ཚྭ་ལ་རྔམ་པའི་འདུ་ཤེས་ཀྱིས་དཔེ་ཀློག་ལ་འཇུག་དགོས།

དཔེ་ཀློག་མེད་ན། ཁྱེད་ཀྱིས་བྱ་བ་གང་ཞིག་བསྒྲུབ་ཀྱང་།

བརྒལ་མི་ཐུབ་པའི་བསམ་གཞིག་གི་གཙང་པོ་ཞིག་མདུན་དུ་ཡོད་ངེས།

དེའི་ཕྱིར། རྣམ་དཔྱོད་ཀྱི་སྣ་ཞགས་རིང་དུ་བསྲིངས་ཏེ།

གླང་བོ་མཚོ་རུ་འཇུག་པ་ལྟར་དཔེ་ཀློག་ལ་གོམས་ཤིག་ཨང་།

དཔེ་ཀློག་མེད་པའི་མི་ནི།

ཉམས་མྱོང་གི་ཕྲག་པ་དོག་པས།

གནས་ལུགས་ཀྱི་བློ་མིག་ལྡོངས་པས།

ཨུ་ཚུགས་དང་། གླེན་བཤད། མཁྲེགས་འཛིན་ལ་གོམས་པས།

བྱ་བ་གང་ཞིག་ལ་འཇུག་དགོས་ཀྱང་།

ཐོག་མར་དེ་ལ་རྒྱུས་ལོན་དང་རྟོག་འཆར་དབེན་པས།

འབུ་མེ་ལྕེབས་ཐབ་ཚང་དུ་འཛུལ་བ་དང་གཉིས་སུ་མེད།

དཔེ་ཀློག་མེད་པའི་མི་ནི།

ཞེ་སྡང་དང་ཁོང་ཁྲོ། གཡོ་སྒྱུ་ལ་བརྐམ་པས།

སྒེར་དོན་གྱི་སྟ་རེ་བཟུང་སྟེ་རང་གི་ཁེ་ཕན་ཁོ་ནར་འཐམས།

གནས་ལུགས་ཀྱི་གཏིང་ཟབ་སར་འཇུག་པའི་རྣམ་དཔྱོད་མེད།

དེའི་ཕྱིར། ཉི་དགའ་མེ་ཏོག་ཉི་མར་ཁ་ཕྱོགས་པ་བཞིན།

ཚང་མ་དཔེ་ཀློག་ལ་དགའ་ཞིང་དཔེ་ཀློག་ལ་གོམས།

མུན་པ་མཐར་སྐྲོད་ཀྱི་འོད་ཟེར་ལ་སྣང་བ་འཁྱུད་དེ།

གནམ་འོག་གི་གནས་ལུགས་རིག་པས་ཕྱེས།

དཔེ་ཀློག་ནི་འཚོ་བའི་དཀའ་སྡུག་མཐོང་བྱེད་ཀྱི་མིག་ཤེལ་དེ་ཡིན།

དཔེ་ཀློག་ཅི་ཙམ་བྱེད་ཐུབ་ན་སྦྲུལ་ལ་འོ་མ་བླུད་པ་དང་མི་འདྲ་བར།

རིན་ཆེན་གསེར་གྱི་གར་བུ་བྲུད་བྲུད་མིན་པ་ཞིག་ལག་

སོན་བྱུང་བ་དང་འདྲ།

དེའི་ཕྱིར། རྣམ་ཤེས་ཀྱི་ས་བོན་མི་ཡུལ་ལ་གདབ་པར་དཔེ་ཀློག་བགྱིད།

དཔེ་ཀློག་ནི་མུན་འཇོམས་ཀྱི་གློག་འོད་ཡིན།



  • ལེ་ཚན་སྔོན་མ།:མུ་ཏིག་དཀར་མོ།
  • ལེ་ཚན་རྗེས་མ།:སྙན་ངག་བྲི་ན་འདི་ལྟར་བྲིས།