ཀུན་དགས་བསྒྱུར། 2023-10-18
9·5ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་ནས་ལོ་གཅིག་གི་ནང་དུ། ལྕགས་ཟམ་རྫོང་གིས་མི་རྩ་བར་འཛིན་པ་དང་དམངས་འཚོ་སྔོན་ལ་འཇོག་པ་དེ་སླར་གསོ་བསྐྱར་སྐྲུན་ལས་དོན་གྱི་དམིགས་ཡུལ་དུ་བཟུང་ནས་སླར་གསོ་བསྐྱར་སྐྲུན་ཐོན་ལས་ལས་གཞིའི་དམིགས་ཚད6བཟོས་པ་དང་། རིགས་ཁག་ཕྱེས་ནས་སླར་གསོ་བསྐྱར་སྐྲུན་གྱི་མཛུབ་ཁྲིད་བྱ་ཐབས་བཟོས། ཞིང་ལས་ཐོན་སྐྱེད་སླར་གསོ་ལས་དོན་ལ་ཤུགས་ཡོད་རྒུས་བསྐུལ་ནས་ཡུལ་སྡེ་དར་རྒྱས་གཏོང་རོགས་བྱས་ཡོད།
ཉེ་ཆར། གསར་འགོད་པ་དཀར་མཛེས་ཁུལ་དར་རྒྱས་ལྗང་ཁུལ་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་དུག་སེལ་ཞོག་ཁོག་མ་སོན་གསོ་སྤེལ་རྟེན་གཞིར་སྐྱོད་སྐབས་མིག་ལམ་དུ་མཐོང་བ་ནི་ཆུ་ལུད་འཕྲོད་ལ་ཁོར་ཡུག་གི་རང་འཛིན་དོ་དམ་ལེགས་ཤིང་། དྲོད་ཚད་དང་བརླན་བཤེར་རན་པའི་ཆ་རྐྱེན་འོག་སྐྱེས་པའི་ལྗང་མདོག་གི་ཞོག་ཁོག་སྐྱེས་སྟངས་ལེགས་པ་དང་། བཟོ་པ་ཚོས་གོ་རིམ་ལྡན་པའི་ངང་ལས་ལ་བརྩོན་པའི་རྣམ་པ་སོགས་རེད།
དུག་སེལ་ཞོག་ཁོག་མ་སོན་གསོ་སྤེལ་རྟེན་གཞི་དེ་ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་དུ་གནས་པ་དང་ས་ཁྱོན་མུའུ24.8ལ་ཟིན་ཡོད། ཁྱིམ་དུད་ཀྱིས་ལོ4ཡི་ནང་དུག་སེལ་ཞོག་ཁོག་གི་མ་སོན་ཐོན་སྐྱེད་འདེབས་འཛུགས་བྱས་ནས་ཐོན་སྐྱེད་དང་།མཁོ་སྤྲོད།བྲིན་ཚོང་བཅས་གཞི་གཅིག་ཅན་གྱི་གཉེར་སྐྱོང་བྱེད་སྟངས་ཤིག་ཆགས་ཡོད། དེ་སྔའི་མ་སོན་གྱི་ལོའི་ཐོན་འབབ་ཞོག་རྡོག་ཁྲི1200ལ་ཟིན་པ་དང་ས་བོན་གཙོ་བོ་ནི་དཀར་མཛེས་ཀྱི་སྨུག་ལྤགས་ཞོག་ཁོག་དང་སི་ཁྲོན་གྱི་ཞོག་ཁོག་སོགས་ཡིན།
9·5ལྕགས་ཟམ་རྫོང་དུ་ས་འགུལ་གནོད་ཐེབས་བྱུང་ནས2022ལོར་བཙུགས་པའི་དུག་སེལ་ཞོག་ཁོག་སྡོང་རྐང་ཁྲི268ལ་ཆུ་དཀོན་དུ་སོང་བ་དང་།དྲོད་ཁང་མུའུ17.5ལ་སྐྱོན་ཕོག་པ།སྨི་རྒྱ་དཔངས་གྲུ་བཞི1400ལྷག་གི་ཆེད་སྤྱོད་གསོ་སྤེལ་ས་རྒྱུ་ལ་སྦགས་བཙོག་ཕོག་ནས་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི95ལྷག་ཟིན་ཡོད།
ལྕགས་ཟམ་རྫོང་ཞིང་འབྲོག་དང་གྲོང་སྡེ་དང་ཚན་རྩལ་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དུག་སེལ་ཞོག་ཁོག་རྟེན་གཞི་བཙུགས་པ་དེ་ནི་ཅུས་དེས9·5ཡི་གནོད་ཐེབས་རྗེས་ཀྱི་ཐོན་ལས་སླར་གསོ་བསྐྱར་སྐྲུན་གྱི་ལས་གཞི་དྲུག་གི་གྲས་ཤིག་ཡིན་པ་དང་འདི་ལོའི་ཟླ་དྲུག་པར་འཛུགས་སྐྲུན་ནང་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པར་མ་ཟད། ཟླ་བ་བརྒྱད་པར་ཁུལ་དང་རྫོང་གི་ཞིང་འབྲོག་དང་གྲོང་སྡེ་སོགས་འབྲེལ་ཡོད་སྡེ་ཚན་གྱི་ཞིབ་བཤེར་རྩིས་ལེན་ཐུབ་ཡོད། དུས་མཉམ་དུ་ཁྱད་ལྡན་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལས་གཞི་དང་དེང་རབས་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པར་བརྒྱུད་རྫོང་ཡོངས་ཀྱི་ཤིང་འབྲས་དང་།སྔོ་ཚལ།རྩྭ་སྨན་བཅས“འབྲུ་ལྔ་མཉམ་འདྲེས”དང་དེ་བཞིན་ས་ཁོངས་ཅན་དང་ཐོན་ལས་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བྱས་ཡོད།
ལོ་གཅིག་རིང་བསྐྱར་སྐྲུན་བྱས་པར་བརྒྱུད། ས་འགུལ་བྱུང་རྗེས་བསྐྱར་དུ་སྐྱེས་པའི་དུག་སེལ་ཞོག་ཁོག་མ་སོན་གསོ་སྤེལ་རྟེན་གཞིར་དྲོད་ཁང་གྲལ་སྟར་འགྲིག་པ་དང་། དྲོད་ཁང་གི་རྣམ་པ་གསར་རྐྱང་དུ་གྱུར་པ། ཆུ་འདྲེན་སྒྲིག་ཆས་ཀྱི་རིམ་པ་སྤར་བ་སོགས་བྱས་ཡོད།
དཀར་མཛེས་ཁུལ་དར་རྒྱས་ལྗང་ཁུལ་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་ལས་དོན་མི་སྣ་ཀྲང་དབྱང་གིས་སླད་ཕྱིན་ཐོན་སྐྱེད་བྱེད་རིང་ང་ཚོས་མུ་མཐུད་དེ་འབད་འབུངས་མདུན་སྐྱོད་བྱས་ནས་དཀར་མཛེས་ཁུལ་གྱི་དེ་གའི་སྐྱེ་ལྡན་ཐོན་རྫས་ཐོན་སྐྱེད་ལ་ཁེ་ལས་རང་ངོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།
ས་འགུལ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་ཁྲོད་ཞིང་ཁའི་ཆུ་འདྲེན་སླར་གསོ་བསྐྱར་སྐྲུན་ལས་གཞི་དང་ཆུ་འདྲེན་ས་ཚུགས་ཉམས་གསོ་བརྟན་གཏོང་ལས་གཞི་ལག་བསྟར་བྱས་པ་ལས་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞིའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་།ཞིང་ལས་ཀྱི་རང་བྱུང་གནོད་འཚེ་འགོག་ནུས་ཆེ་རུ་ཕྱིན་པ། ཞིང་ལས་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་འགན་ལེན་ཐུབ་ཡོད།
བུམ་པ་གྲོང་རྡལ་བྱེ་ཁུག་གྲོང་སྡེ་དང་རི་མཇུག་གྲོང་རྡལ་སྒར་ཚུགས་ཐང་གྲོང་སྡེས་ཆུ་འདྲེན་ས་ཚུགས་ནས་ཁྲིད་པའི་ཆུ་དང་ཆར་པ་ཞིང་ལས་ཐོན་སྐྱེད་ཐད་སྤྱོད་ཀྱི་ཡོད་ཀྱང་། 9·5ཡི་ལྕགས་ཟམ་ས་འགུལ་གྱིས་ཤུགས་རྐྱེན་ཐེབས་པས་ཆུ་མཁོ་འདོན་བརྟན་པོ་མ་བྱུང་བའི་རྐྱེན་གྱིས་ས་གནས་དེ་གའི་གྲོང་སྡེའི་དཔལ་འབྱོར་དང་ཞིང་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་ཕོག་ཡོད། འདི་ལོའི་ཟླ་བ4པར་ལྕགས་ཟམ་རྫོང་གིས་ཆུ་འདྲེན་ས་ཚུགས་ཀྱི་ཉམས་གསོ་བརྟན་གཏོང་ལས་གཞི་ལག་ལེན་བསྟར་ནས་གྲོང་སྡེ་གཉིས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་ཆུ་དཀོན་པའི་དཀའ་གནད་བསལ་ཡོད།
རྫོང་ཞིང་འབྲོག་གྲོང་སྡེ་དང་ཚན་རྩལ་ཅུས་ཀྱི་འགན་འཁུར་བས་ཆུ་འདྲེན་ལ་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱ་ཆེད། ང་ཚོས་ཨར་སྐྲུན་ཕྱོགས་ལ་སྤུས་ཚད་དང་ཉེན་མེད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་དུས་འཕར་མ་བྱས་ནས་ཉམས་བཟོ་བརྟན་གཏོང་གི་ལས་གཞི་སྤེལ་རྒྱུ་ཡིན་ཞེས་བཤད།
སྒར་ཚུགས་ཐང་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཅ་ཀུའེ་ཡིས་ང་ཚོའི་གྲོང་སྡེས་མ་རྨོས་ལོ་ཏོག་དང་།སྲན་མ།འབྲས་ཤིང་སོགས་འདེབས་ཀྱི་ཡོད།ཆུ་འདྲེན་ས་ཚུགས་ཉམས་གསོ་ཐུབ་པས་ང་ཚོའི་ཞིང་ཆུ་འདྲེན་པར་སྟབས་བདེ་བྱུང་སོང་།མུའུ140ཡི་ལོ་ཏོག་ལ་ཆུ་འཐུང་རྒྱུ་ཡོད་པས་ང་ཚོའི་ཞིང་པའི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་བསལ་སོང་ཞེས་བཤད།
ཆུ་འདྲེན་ས་ཚུགས་གཉིས་བརྟན་གཏོང་དང་སྒྱུར་བཀོད་བྱས་པར་བརྒྱུད་ཞིང་ཆུ་འདྲེན་ཁྱོན་མུའུ180ལ་ཟིན་པ་དང་ཉེ་འཁོར་གྲོང་སྡེའི་ཡུལ་མི400ལྷག་ལ་ཕན་པ་ཐོབ་ཡོད།
ད་སྔར་ལྕགས་ཟམ་རྫོང་གི་འགུལ་རྗེས་སླར་གསོ་བསྐྱར་སྐྲུན་ཐོན་ལས་འཕེལ་རྒྱས་ཀྱི་ཞིང་ལས་ལས་གཞི6ཚང་མ་སྐྲུན་འགོ་ཚུགས་པ་དང་ལས་གཞི1ལས་མཇུག་འགྲིལ་བས་མ་ཚད་ཞིབ་བཤེར་རྩིས་ལེན་བྱས་ཡོད། དེ་མིན་གྱི་ལས་གཞི་ཚང་མ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི10125བཏང་ཡོད།
ཐོན་ལས་སླར་གསོ་བསྐྱར་སྐྲུན་གྱི་ཞིང་ལས་ལས་གཞི་ཡག་པོ་བསྐྲུན་ནས་ལྕགས་ཟམ་རྫོང་གི་ཡུལ་སྡེ་དར་རྒྱས་གཏོང་བའི་བྱ་གཞག་ཁག་འཕེལ་རྒྱས་མྱུར་པོ་འགྲོ་བར་མུ་མཐུད་དེ་བསྐུལ་ནས་སླར་གསོ་བསྐྱར་སྐྲུན་བྱས་རྗེས་ལྕགས་ཟམ་རྫོང་དེ་ཉིད་དེང་རབས་རི་ཁུལ་གྱི་ཁྱད་ཆོས་དང་ནུས་པ་ཆེ་བའི་ཞིང་ལས་ཀྱི་དཔེ་མཚོན་གསར་པར་འགྱུར་རྒྱུའི་ཐད་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10