ཞི་ཅིན་ཕིང་གིས་རང་བྱུང་སྒེར་སྡེམ་གྱི་ལྟ་སྡོམ་ཐད་ནན་སྟོན་གནང་དོན།

    ཀྲུང་དབྱང་བོད་སྐད་རླུང་འཕྲིན།    2023-11-09

  ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་རང་བྱུང་སྒེར་སྡེམ་ལྷུ་ཚིགས་ཀྱི་ལྟ་སྐུལ་དོ་དམ་གྱི་སྒྲིག་གཞི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པའི་ནན་སྟོན་གནང་བ། 

     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཟླ11པའི་ཚེས7ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས།མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆརདང་།གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《རང་བྱུང་སྒེར་སྡེམ་ལྷུ་ཚིགས་ཀྱི་ལྟ་སྐུལ་དོ་དམ་གྱི་སྒྲིག་གཞི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》《རིགས་གཅིག་མཁས་ཅན་སྤྱི་པའི་ཐབས་ཇུས་འགོད་པའི་བྱ་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ནང་ཞུགས་རྒྱུར་ཤུགས་སྣོན་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》《འབྱུང་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆརབཅས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་ཡོད།

     ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན་པས། 2035ལོའི་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུར་གཞི་ཚུགས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འཕེལ་རྒྱས་གཏོང་སྟངས་སྦགས་མེད་ཅན་དུ་འགྱུར་མགྱོགས་སུ་གཏོང་བ། འབྱུང་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་ལྷིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ། འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ་བཅས་ཀྱིས་འབྱུང་ཁམས་ཁོར་ཡུག་རྩ་བའི་ཆ་ནས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ནི་རྒྱལ་ཁབ་ཀྱི་སྔོན་རྩིས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལག་བསྟར་བྱེད་ཁོངས་རྒྱ་ཆེར་གཏོང་བ། བྱེད་ནུས་ཆེ་རུ་གཏོང་བ། གཏོང་ཡོང་དོ་དམ་འཐུས་ཚང་དུ་གཏོང་བ། མ་དངུལ་གྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རང་བྱུང་སྒེར་སྡེམ་ལྷུ་ཚིགས་ཀྱི་ལྟ་སྐུལ་དོ་དམ་གྱི་སྒྲིག་གཞི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་ཇུས་འགོད་ལ་ཤུགས་སྣོན་པ། ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་ནུས་པ་ཆེ་རུ་གཏོང་བ། གཞུང་ཁོངས་དཔལ་འབྱོར་གྱིས་རང་བྱུང་སྒེར་སྡེམ་ལྷུ་ཚིགས་ལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་པའི་དགོས་མཁོ་སྔར་བས་ཡག་པོ་སྐོང་ཐུབ་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས། སྤྱི་པའི་ཐབས་ཇུས་འགོད་རྒྱུར་ཞབས་ཞུ་དང་འདེགས་སྐྱོར་སྔར་བས་ཡག་པོ་བྱ་རྒྱུར་གཞི་ཚུགས་ནས། རིགས་གཅིག་མཁས་ཅན་སྤྱི་པའི་ཐབས་ཇུས་འགོད་པའི་བྱ་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ནང་ཞུགས་རྒྱུར་ཤུགས་སྣོན་པ་དང་། སྒྲིག་གཞི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བརྒྱུད་རིམ་གྱི་ཚད་གཞི་ཚད་ལྡན་དུ་གཏོང་བ། བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས། མི་ནུས་གང་ཡོད་འདོན་པ་དང་། གསོན་ཤུགས་ཀྱིས་ཕྱུག་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་རིགས་གཅིག་མཁས་ཅན་སྤྱི་པའི་ཐབས་ཇུས་འགོད་པའི་ནང་ཞུགས་པའི་ཁོར་ཡུག་ཅིག་གཏོད་དགོས། འབྱུང་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱ་རྒྱུ་དེ་འབྱུང་ཁམས་ཁོར་ཡུག་ཐད་འབྱུང་རྩ་ནས་སྔོན་འགོག་བྱེད་པའི་མ་ལག་ཁྲོད་རྨང་གཞིའི་རང་བཞིན་གྱི་ནུས་པ་ལྡན་ཡོད་པས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། འབྱུང་ཁམས་ནུས་པ་འགན་ལེན་དང་ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས། འབྱུང་ཁམས་ཁོར་ཡུག་གི་ས་ཁོངས་ལ་ཧེ་བག་ཅན་གྱི་གནད་སྨིན་དོ་དམ་ཚོད་འཛིན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས་ཡོད། 

    ཚོགས་འདུའི་ཐོག། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་ལོ་རྒྱུས་རང་བཞིན་དང་། ཕྱོགས་སྒྱུར་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཕྱིན་ཡོད། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་གསར་པ་དང་མི་དམངས་མང་ཚོགས་ཀྱིས་འབྱུང་ཁམས་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་བཅངས་པའི་རེ་སྒུག་གསར་པར་གཞིགས་ནས། མངོན་གསལ་དོད་པའི་འབྱུང་ཁམས་ཁོར་ཡུག་གི་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་བྱ་ཤུགས་ཆེ་རུ་གཏོང་བ་དང་། འབྱུང་ཁམས་ཤེས་དཔལ་ལམ་ལུགས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། སྔོན་འགྲོའི་འཚོལ་ཞིབ་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། དམངས་ཡོངས་ཀྱིས་བྱ་སྤྱོད་སྤེལ་བ། ཆ་ཤས་དང་ཁྱོན་ཡོངས་ཕན་ཚུན་མཐུན་སྦྱོར་དང་རྩ་ལག་མཉམ་སྤྱོད་འབྲེལ་མཐུད། མིག་སྔ་དང་ཕུགས་ཕན་ཟུང་འབྲེལ་བཅས་ལ་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་དང་ཁུལ་དབྱེ་ནས་བཅོས་སྒྲིག་བྱེད་པ། ཞིབ་ཚགས་ཅན་གྱི་འཛུགས་སྐྲུན་བཅས་བྱས་ནས། ཞིབ་ཕྲའི་བྱ་སྤྱོད་རེ་རེ་བརྒྱུད་དེ་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་ཚད་དེ་གོམ་པ་རེ་རེ་བཞིན་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

     ཚོགས་འདུའི་ཐོག། སྔོན་རྩིས་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་འདོད་འདུན་མཚོན་པས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་སྒྲུབ་པའི་སྒྲིག་གཞིའི་བཟང་ཆ་འདོན་སྤེལ་བྱེད་པ། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་གྲུབ་གཞི་ལེགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུར་གཅིག་སྡུད་བྱེད་པ། གཞུང་ཁོངས་མ་རྩ་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་དང་འབྲེལ་བ་ཡོད་པའི་ལས་རིགས་གལ་ཆེན་དང་འགག་རྩའི་ཁྱབ་ཁོངས་སུ་གཅིག་སྡུད་བྱ་རྒྱུ་དང་། རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་སྤྱི་པའི་ཞབས་ཞུ་དང་འཕྲལ་སྒྲུབ་ནུས་པ། སྤྱི་ཕན་རང་བཞིན་གྱི་ཁྱབ་ཁོངས་སོགས་སུ་གཅིག་སྡུད་བྱ་རྒྱུ། སྔོན་མཐོང་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་གཅིག་སྡུད་བྱ་རྒྱུ་བཅས་ལ་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཞབས་ཞུ་དེ་བས་ལེགས་པ་བསྒྲུབ་དགོས། གྲོན་ཆུང་བསྲི་ཚགས་ཀྱི་འཚོ་བ་སྐྱེལ་བའི་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ནོར་སྲིད་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་དང་ལུགས་མཐུན་ངང་བགོ་འགྲེམས་བྱ་རྒྱུར་ཤུགས་སྣོན་པ། སྔོན་རྩིས་ཀྱི་གཏོང་ཡོང་གཞི་ཁྱོན་ལུགས་མཐུན་ངང་གཏན་འཁེལ་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ལ་གཅིག་གྱུར་འཆར་འགོད་བྱེད་པ། བག་མེད་ཆུད་ཟོས་སུ་གཏོང་བ་སོགས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་འགོག་པ་བཅས་བྱ་དགོས། སྔོན་རྩིས་ཀྱི་ཁྲིམས་བཀོད་རྒྱུན་འཁྱོངས་དང་། སྔོན་རྩིས་ཀྱི་འཆུན་འདོམས་ལ་ཤུགས་སྣོན། སྔོན་རྩིས་ཀྱི་ལས་ཕྱོད་དོ་དམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

    ཚོགས་འདུའི་ཐོག། གློག་ཤུགས་དང་སྣུམ་རླངས། ལྕགས་ལམ་སོགས་ལས་རིགས་ཀྱི་དྲ་བའི་ལྷུ་ཚིགས་ལ་རང་བྱུང་སྒེར་སྡེམ་གྱི་ཁྱད་ཆོས་ལྡན་ཞིང་། དེ་ནི་རང་རྒྱལ་གྱི་གཞུང་ཁོངས་དཔལ་འབྱོར་བཀོད་སྒྲིག་བྱེད་ཚུལ་གྱི་གཙོ་གནད་ཁྱབ་ཁོངས་ཤིག་རེད། ལྟ་སྐུལ་དོ་དམ་གྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་གྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་པ། རང་བྱུང་སྒེར་སྡེམ་ལྷུ་ཚིགས་སུ་རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་དང་འཆར་འགོད་ལས་འགན་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ། གཉེར་སྐྱོང་ཁྱབ་ཁོངས་དང་གཉེར་སྐྱོད་བྱ་སྤྱོད་སོགས་ཀྱི་ཐད་ལྟ་སྐུལ་དོ་དམ་བྱ་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་པ། རང་བྱུང་སྒེར་སྡེམ་ལྷུ་ཚིགས་སུ་གནས་པའི་ཁེ་ལས་ཀྱིས་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོའི་ཐོག་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ། གཞུང་ཁོངས་མ་རྩ་དྲ་བའི་རྣམ་པའི་རྨང་གཞིའི་སྒྲིག་ཆས་ཐད་སྤྱོད་རྒྱུར་ཤུགས་སྣོན་པ། དྲ་བ་གཙོ་བོའི་བདེ་འཇགས་ཀྱི་བློས་འགེལ་ཆོག་པའི་རང་བཞིན་ཆེ་རུ་གཏོང་དགོས། རང་བྱུང་སྒེར་སྡེམ་ལྷུ་ཚིགས་སུ་སྒེར་སྡེམ་རང་བཞིན་གྱི་ལས་སྒོ་དང་འགྲན་རྩོད་རང་བཞིན་གྱི་ལས་སྒོ་སྤེལ་བའི་ཁྱབ་ཁོངས་ནང་ལྟ་སྐུལ་དོ་དམ་བྱས་ནས། སྒེར་སྡེམ་གྱི་བཟང་ཆ་སྤྱད་དེ་སྟོད་སྨད་རྒྱུད་ཀྱི་འགྲན་རྩོད་རང་བཞིན་གྱི་ལྷུ་ཚིགས་སུ་སྣུར་སྲིང་བྱ་རྒྱུར་བཀག་འགོག་བྱེད་དགོས་ཞེས་བསྟན་ཡོད།

     ཚོགས་འདུའི་ཐོག། རིགས་གཅིག་མཁས་ཅན་ནི་བསྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རིག་ནུས་ཐོན་ཁུངས་གལ་ཆེན་ཞིག་ཡིན་པས། རིགས་གཅིག་མཁས་ཅན་དཔུང་ཁག་གི་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། རིགས་གཅིག་མཁས་ཅན་སྤྱི་པའི་ཐབས་ཇུས་འགོད་པའི་ནང་ཞུགས་པའི་སྲིད་ཇུས་འགན་ལེན་དང་ལྕག་སྐུལ་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ། རིགས་གཅིག་མཁས་ཅན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱེད་དགོས། རིགས་གཅིག་མཁས་ཅན་འདེམས་སྒྲུག་བྱེད་པ་ནས་དཔྱད་ཞིབ་ལྟ་སྐུལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་འབྲེལ་ཐག་ཡོངས་ཀྱི་དོ་དམ་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཁྱབ་ཁོངས་དང་རིགས་དབྱེ་ནས་རིགས་གཅིག་མཁས་ཅན་རྣམས་སྤྱི་པའི་ཐབས་ཇུས་འགོད་པའི་ནང་ཞུགས་པའི་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་། རིགས་གཅིག་མཁས་ཅན་རྣམས་སྤྱི་པའི་ཐབས་ཇུས་འགོད་པའི་ནང་ཞུགས་པའི་འགན་འཁྲིའི་ངེས་གནས་དང་། དབང་ཆ་དང་འོས་འགན། དེ་མཚུངས་ཀྱི་འགན་འཁྲི་སོགས་ཁ་གསལ་བཟོས་ཏེ། རིགས་གཅིག་མཁས་ཅན་གྱིས་ཏང་དང་སྲིད་གཞུང་ལ་ཚན་རིག་དང་མཐུན་པའི་ཐབས་འདོན་ཇུས་འབུལ་བྱ་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

     ཚོགས་འདུའི་ཐོག། འབྱུང་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་བརྒྱབ་སྟེ། ནུས་པ་གཙོ་བོ་ཐོན་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་སྤྱོད་སྒོའི་དོ་དམ་ཚོད་འཛིན་འབྲེལ་མཐུད་བྱེད་པ། ས་ཁོངས་རང་བཞིན་དང་འབབ་རྒྱུད་རང་བཞིན་གྱི་མངོན་གསལ་དོད་པའི་འབྱུང་ཁམས་ཁོར་ཡུག་གི་གནད་དོན་ལ་དམིགས་ནས། འབྱུང་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱེད་པའི་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་། གནད་དོན་དབྱེ་འབྱེད་ནས་ཐག་གཅོད་ཇུས་གཞིའི་བར་ཁུལ་དབྱེ་བ་དང་རིགས་དབྱེ་ནས་དོ་དམ་ཚོད་འཛིན་བྱེད་པའི་ཐབས་ཇུས་བཟོ་དགོས། ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། འབྱུང་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱས་འབྲས་བེད་སྤྱོད་བྱས་ཐོག། རྒྱལ་ཁབ་དང་ས་གནས་ཀྱི་གལ་ཆེའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ལ་ཞབས་འདེགས་ཞུ་བ་དང་། རིགས་ཁག་གི་གསར་སྤེལ་སྲུང་སྐྱོབ་འཛུགས་སྐྲུན་གྱི་བྱེད་སྒོར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱེད་དགོས་ཞེས་བསྟན་ཡོད།

     ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད།


  • ལེ་ཚན་སྔོན་མ།:བོད་ཀྱི་སྒྱུ་རྩལ་མཁས་ཅན་ཁོང་ལ་གཟི་བརྗིད་མཚན་སྙན་འདི་ཐོབ་འདུག
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༥༩
  • དོ་སྣང་ཆེ་བའི་རྩོམ།