ལྷ་འཛོམས་ཀྱིས་བསྒྱུར་ཞུས་བྱས། 2023-11-08
གཡས་པ་ཐང་ཆུ་གློག་ཁང་གི་ཆུ་རགས་ཉིན63སྔ་སྣུར་དུ་བསྐྲུན་ནས2023ལོའི་ལོ་འཁོར་གྱི་ཨར་སྐྲུན་དམིགས་ཚད་ལེགས་གྲུབ་བྱུང་བ།
སྤྱི་ཟླ10པའི་ཚེས29ཉིན།ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གཡས་པ་ཐང་ཡན་ལག་སྤྱི་གཉེར་ཁང་ནས་འབྱོར་བའི་གཏམ་བཟང་སྟེ།གཡས་པ་ཐང་ཆུ་གློག་ཁང་གི་ཆུ་རགས་རིམ་རྩིས་བྱས་ན་ཨར་འདམ་གྲུ་བཞི་ཁྲི60བླུགས་ཚར་ནས་ཆུ་རགས་སྐྲུན་མཚམས་མཐོ་ཤོས་སུ་མཐོ་ཚད་སྨི2771ལ་ཟིན་པས། དུས་བཀག་ལས་ཉིན63སྔ་སྣུར་བྱས་ནས2023ལོའི་ལོ་འཁོར་གྱི་ཨར་སྐྲུན་དམིགས་ཚད་ལེགས་གྲུབ་བྱུང་བ་རེད།
རྣམ་གྲངས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་སྤྱི་གཉེར་ཁང་དེས“གསར་གཏོད་ཡར་བརྩོན་དང་དཔའ་ངར་ཆེན་པོས་བརྩོན་ལེན་བྱེད་པ”ཅེས་ཁེ་ལས་ཀྱི་རིག་གནས་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས“དཔའ་ངར་ཆེར་བསྐྱེད་ཀྱིས་བརྩོན་ལེན་བྱེད་པ་དང་ཉིན་བརྒྱའི་འགག་སྒྲོལ་བྱེད་པའི”ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མཐའ་མའི་གདོང་མཆོང་གི་ཆེད་དོན་བྱེད་སྒོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད། ལོ་སྟོད་ནས་བཟུང་ལོ་འཁོར་ལས་འགན་དང་དམིགས་ཚད་གཏན་འཁེལ་བྱས་ནས་དོ་དམ་གྱི་ལམ་སྲོལ་སྣ་ཚོགས་གསར་གཏོད་བྱས་ཏེ་དོ་དམ་འགན་འཁྲི་དམ་དུ་གཏོང་བའི་དུས་མཚུངས་སུ་ལོ་འཁོར་གྱི་འཆར་གཞི་ཁག་བགོས་ཞིབ་ཚགས་སུ་བཏང་སྟེ་ཉིན་རེར་མཐུན་སྦྱོར་དང་། གཟའ་འཁོར་རེར་དག་བཅོས། ཟླ་རེར་ཕྱོགས་སྡོམ་བཅས་བྱེད་པ་དང་། ལས་ཡུན་ལྡོག་སྒྲིག་དང་དཔེ་རིས་བཀལ་ནས་འབད་འཐབ་བྱེད་པ། ཆུ་ཚོད24རིང་བར་མཚམས་མི་ཆད་པར་ཨར་སྐྲུན་བཅས་བྱས་ནས་འཆར་གཞི་ཁག་བདེ་བླག་ངང་མངོན་འགྱུར་ཡོང་བར་ཁག་ཐེག་བྱས་པ་རེད།
འཛམ་གླིང་རིམ་པའི་ཆེས་མཐོ་བའི་གཞུ་དབྱིབས་ཆུ་རགས་ཀྱི་ལས་གྲྭ་ཞིག་ཡིན་པའི་ལས་གཞི་དེ་ནི་རྒྱལ་ཁབ་ཀྱི“ནུབ་གློག་ཤར་སྐྱེལ”གྱི་མཐུད་འབྲེལ་རྟེན་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ལས་འགོ་ཚུགས་པ་ནས་བཟུང་སྤྱི་གཉེར་ཁང་དེས“འཛམ་གླིང་ཐོག་མཚོ་འཕགས་མཐོ་ཞིང་གྲང་བའི་ས་ཁུལ་གྱི་གཞུ་དབྱིབས་ཆུ་རགས་བསྐྲུན་པའི”དམིགས་ཚད་ལ་དམིགས་ནས《གཡས་པ་ཐང་ཆུ་གློག་ཁང་གི་སྤུས་ལེགས་ལས་གྲྭའི་ལག་དེབ་དང་པོའི་སྤུས་ལེགས་ལས་གྲྭའི་སྡེ་ཚན》ཁྲིད་སྟོན་དུ་བྱས་ཏེ་ཨར་ལས་དོ་དམ་ཚོད་འཛིན་ནན་པོ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ་སྤྱི་གཉེར་ཁང་དེས་ད་དུང་ལས་གྲྭ་འཛུགས་སྐྲུན་ལ་དམིགས་ནས་གྲངས་གཞིའི་ལས་སྟེགས“གཡས་པ་ཐང་གློག་འདོན་ཁང་དྲ་བ”བཏོད་དེ“ཤེས་ཚོར་དང་དབྱེ་ཞིབ། ཚོད་འཛིན”བཅས་གཞི་གཅིག་ཅན་གྱི་རིག་ནུས་བཀོལ་སྤྱོད་ཅིག་ཆགས་པ་བྱས་ཏེ་རིག་ནུས་ལ་བརྟེན་ནས་ཨར་འདམ་བླུགས་པ་དང་རིག་ནུས་ལ་བརྟེན་ནས་དྲོད་འཛིན་སོགས་ཀྱི་བྱེད་ནུས་མ་ལག་བསྐྲུན་ནས་རིག་ལྡན་གཞི་གྲངས་དོ་དམ་ལས་གྲྭ་བསྐྲུན་པ་རེད། གཡས་པ་ཐང་གི་ཁྱད་ཆོས་ལ་དམིགས་ནས་དྲོད་ཚད་ཚོད་འཛིན་དང་གས་འགོག་དབྱེ་ཞིབ་བྱེད་པའི་ལག་རྩལ་དང་བྱ་ཐབས། ཚད་གཞི། དྲོད་ཚད་ཚོད་འཛིན་གྱི་བྱ་ཐབས་བཅས་ཀྱི་མ་ལག་ཆ་ཚང་ཞིག་ཆགས་པ་བྱས་ནས་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་དུ་ཆེས་མཐོ་བའི་གཞུ་དབྱིབས་ཆུ་རགས་ཨར་འདམ་གྱི་དྲོད་ཚད་དང་གས་འགོག་ལ་ཚོད་འཛིན་ཐུབ་པའི་ལག་རྩལ་ཐད་གསར་གཏོད་དང་ཚད་བརྒལ་བྱུང་ཡོད་པ་རེད། 《ཁྲོན་བོད་ས་བབ་མཐོ་བའི་ས་ཁུལ་དུ་དྲོད་ཚད་དམའ་བའི་དུས་ཚིགས་སུ་ཨར་འདམ་རྒྱག་པའི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་ལག་ལེན》སོགས་ཀྱི་གྲུབ་འབྲས་ལ་ཁག་བགོས་ནས་འབྲི་ཆུའི་ཚན་རིག་ལག་རྩལ་བྱ་དགའ་རིམ་པ་གཉིས་པ་དང་རིག་ནུས་ཆུ་ཕོར་གྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་གཉེར་ཁང་དེས་སླད་ཕྱིན་དུ་དཀའ་ངལ་ལ་མི་སྐྲག་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་ཉེན་མེད་ཐོན་སྐྱེད་ཀྱི་རྨང་གཞིའི་ཐོག་ནུས་ཤུགས་ཡོད་རྒུས་ལས་དོན་ནང་ཞུགས་ཏེ་ཆུ་རླུང་འོད་བཅས་གཞི་གཅིག་ཅན་གྱི་དཔེ་སྟོན་རྟེན་གཞི་ཞིག་བསྐྲུན་ཆེད་ཧྭ་གློག་གི་ནུས་ཤུགས་ཕུལ་ནས་རང་ཁུལ་གྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རམ་འདེགས་བྱ་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10