མགར་ཐང་དཀར། 2023-11-09
གཞས་སྙན་མོ་ངག་གི་བདུད་རྩི་ཡིན།།
ཞེ་སྣང་བ་དར་སྐུད་མདུད་པ་ཡིན།།
སེམས་བརྩེ་བའི་འོ་སྤྲི་མངར་མོ་ཡིས།།
ལས་སྨིན་དྲུག་ཕྲ་མོ་སྣང་བར་མཐུད།།
ལོ་ཟླ་བ་ཁ་ཆར་སྟོང་འབབ་ཅེས།།
ཡུལ་འཇིག་རྟེན་འཁོར་བའི་རི་མོ་བྲིས།།
སྤྱན་རྒྱང་ལ་ཕྱོགས་པའི་སྨན་ཤར་ཁྱོད།།
ངའི་དབྱར་གཞུང་གསོ་བའི་ཨུཏྤལ་ཡིན།།
སྲོད་མཚམས་སྤྲིན་དམར་པོའི་རང་མདངས་དེ།།
གཞོན་ལང་ཚོའི་མཁུར་གྱི་གསོས་སྨན་ཡིན།།
སྨད་སྡེ་ལུང་གཡུང་དྲུང་རང་འཁྱིལ་ནས།།
བག་ལྷོད་ལྷོད་ཀྱིས་དང་བརྩེ་བ་འཕེལ།།
གངས་དཀར་པོའི་འདབས་ཀྱི་སྨན་ཤར་ཁྱོད།།
སྡེ་ཁྲ་ཁྲ་ཞིག་གི་གཟི་མདངས་ཡིན།།
སྐྱིད་འཛུམ་དཀར་དུང་སོ་སུམ་ཅུ་ཡིས།།
ཡིད་གདུང་བ་སེལ་ན་ཉམས་རེ་དགའ།།
སྦྲ་རོག་རོག་དངུལ་དཀར་ཆོན་ཐག་ཅན།།
ཚིག་དཀར་རྒྱན་སྒྲིག་སའི་གཞིས་ཁྱིམ་ཡིན།།
ནང་ཁྲེལ་གཞུང་ཟབ་པའི་མོ་གཞོན་ཁྱོད།།
ཡུལ་རྒྱལ་ཁམས་འགྲིམ་པའི་བསུང་ཞིམ་ཡིན།།
ངག་སྒྲིབ་པ་དག་པའི་ལ་གླུ་དེ།།
གསལ་རྟ་རྔ་དཀྲོལ་བའི་རོལ་མོ་ཡིན།།
སེམས་རྣམ་དག་རྒུ་ཚིགས་མ་དཀྲུག་ན།།
ལས་མཐུན་ལམ་དབྱར་ཟླ་འགོ་མ་ཡིན།།
ངའི་ལྟ་བ་མེ་ལོང་རང་གྲུབ་ཡིན།།
སྒོས་འགྱོད་གདུང་མི་འདུག་ཡིད་ཀྱི་ནོམ།།
ལར་རྟོག་པའི་གཤིན་སར་ཉར་བའི་ཚིག།
དུས་སྐར་བཟང་ཉིན་འདིར་ཁྱོད་ལ་འདྲེན།།
ཚིག་སེམས་ཀྱིས་བྲིས་སམ་མ་འཕྱང་དང་།།
ངའི་ཡིད་ཀྱི་རྒྱུད་མངས་ཁྱོད་ལ་འབུལ།།
ཞེ་ལན་གཅིག་གཏད་པས་ཕན་ཆད་ནས།།
བློ་ནོར་བུ་ཆ་བདུན་འགུལ་མེད་ཡིན།།
དུས་མི་འགྱུར་མི་སེམས་རླུང་ལས་མྱུར།།
ངག་སྙན་མོ་ཆར་རྗེས་འཇའ་ཚོན་ཡིན།།
སེམས་སེམས་ཀྱིས་མྱོང་དང་ངང་ཚུལ་རྟོགས།།
འཛུམ་འཛུམ་གྱིས་གཉོར་དང་སྐྱིད་སྣང་ཆེ།།
སྐྱིད་འཇིག་རྟེན་མི་རྟག་འཁོར་ལོ་བཞིན།།
དུས་སྐད་ཅིག་མི་སྡོད་འཁོར་ནས་འགྲོ།།
ཡིད་བརྩེ་ཞེན་འོ་ཟི་ཕྲ་མོ་དེའི།།
གཞོན་ལང་ཚོར་དྲོད་ཀྱི་རུ་མ་སྣོན།།
རྩོམ་གསར། 10