མི་དང་དཔེ་ཀློག།

གཅན་གླག་མིག        2023-11-08

དཔེ་ཆ་ནི་ཡབ་སྟེ། གཞན་ཕན་གྱི་ལྷག་བསམ་མཁའ་རུ་འཕྱོ།

དཔེ་ཆ་ནི་ཡུམ་སྟེ། བྱམས་སེམས་ཀྱི་གཟི་མདངས་འོད་དུ་འཚེར།

ངས་ནམ་ཡང་དཔེ་ཆ་ཉོ་བ་ནི་ཡབ་ཡུམ་གྱི་དྲིན་དྲན་པ་དང་། དཔེ་ཀློག་བྱེད་པ་ནི་ཡབ་ཡུམ་ལ་དྲིན་གཟོ་སྟངས་ཤིག་ཏུ་བསྒོམས་ཡོད། དེ་བས། ང་རང་དཔེ་ཀློག་ལ་དགའ་དགའ་སུ་ལ་ཡང་དགའ་མ་མྱོང་ལ། ང་རང་དཔེ་ཀློག་ལ་སྤྲོ་སྤྲོ་གང་ལ་ཡང་སྤྲོ་མ་མྱོང་།

དཔེ་ཆ་ནི་སྲོག་ཆགས་ཁོ་ན་ཉིད་ལ་དབང་བའི་ནོར་བུ་དགོས་འདོད་དཔུང་འཇོམས་སམ་བེེཌཱུརྱ་ཆེན་མོ་ཞིག་ཏུ་སྣང་སྟེ། ཟས་འདོད་ལ་ཟས་ཀྱི་མངར་བཅུད་བསྩལ་ཅིང་། སྨན་འདོད་པ་ལ་སྨན་གྱི་བདུད་རྩི་སྦྱིན། འཆད་འདོད་པ་ལ་འཆད་པའི་སྨྲ་ལྕེ་གནང་། རྩོད་འདོད་པ་ལ་རྩོད་པའི་གཡུ་རལ་སྟེར། རྩོམ་འདོད་པ་ལ་རྩོམ་པའི་ཅོད་པཎ་འདོགས། ཡང་གཅིག་བཤད་ན། ལྟོགས་པ་ལ་བཟའ་བཏུང་དང་། ནད་པ་ལ་སྨན་རྫས། བགྲོད་པ་ལ་བཞོན་པའི་གོ་ཆོད་པ་དཔེ་ཀློག་ལས་ཅི།

ད་དུང་། མིག་ཟུང་མ་བགྲད་འཛམ་གླིང་གི་འཕོ་འགྱུར་མཐོང་བ་དང་། རྣ་བས་མ་གསན་གཤིན་རྗེའི་ངུ་སྐད་ཐོས་པ། སྣ་ཡིས་མ་བསྣམས་ཀླུ་ཡུལ་གྱི་ཟས་ཁ་ཚོར་པ། ལྕེ་ཡིས་མ་མྱངས་རོ་བརྒྱའི་བྲོ་བ་རྟོགས་པ། ལུས་ཀྱིས་མ་རེག་རས་གོས་ཀྱི་འཇམ་རྩུབ་མཁྱེན་པ་ལ་སོགས་པའི་སྨྲ་བརྗོད་ལས་འདས་ཤིང་བསམ་སྤྱོད་ལས་བྲལ་བ་འདི་མཐའ་དག་ཀྱང་དཔེ་ཀློག་གི་སྐུ་དྲིན་དང་བྱིན་རླབས་སུ་རློམ་ཆོག་ཆོག་ཡིན། དེ་བས། དཔེ་ཀློག་ནི། ཞ་ར་ལ་མིག་སྤྲོད་པ་དང་། འོན་པ་ལ་རྣ་བ་སྟེར་བ། བླུན་པོ་ལ་ཤེས་རབ་སྩོལ་པ་སོགས་ཀྱང་ཅིས་མི་མཚུངས།

མི་ཞིག་གི་འཚོ་བར་དཔེ་ཀློག་མེད་ཚེ། དེ་ནི་དངོས་གནས་སྲོག་ཡོད་ཀྱང་བླ་མེད་པ་དང་། རལ་པ་ཡོད་ཀྱང་སྔགས་པ་མེད་པ་ལྟ་བུ་ཞིག་ཏུ་སྣང་ལ། ཡང་ན། ཕལ་མོ་ཆེས་གོ་བའི་སྐད་ཆ་དང་སྦྱར་ཏེ་བཤད་ན། དེ་ནི་ཟ་མ་རྔོ་དུས་སྣུམ་དང་ཚྭ་མེད་པ་དང་། རྩམ་པ་རྫི་དུས་མར་དང་ཆུར་བ་མེད་པ་དང་འདྲ་ལ། གཡུལ་ལ་ཞུགས་དུས་མདའ་མདུང་མེད་པ་དང་། ཚོང་ལ་ཆས་དུས་ལམ་པ་མེད་པ་ལྟ་བུ་ཡིན་པས། དཔེ་ཆ་ཉོ་བ་ནི་དོན་དུ་དཔེ་ཆ་ཁོ་ན་ཙམ་ཉོ་བ་མིན་ལ། དཔེ་ཆ་ཀློག་པ་ཡང་དོན་དུ་དཔེ་ཆ་ཁོ་ན་ཙམ་ཀློག་པ་མིན་ཏེ། མི་ཞིག་ཡིན་ཕྱིན་དཔེ་ཆ་ཉོ་དགོས་པར་འདོད་ལ། དེ་ལས་ཀྱང་དཔེ་ཀློག་བྱེད་དགོས་པས་ཁྱབ་ཅེས་ཁོ་བོས་རྟག་ཏུ་འདོད།

མི་ཞིག་ཞེ་སྡང་གི་མེ་འབར་བ་དང་། འདོད་ཆགས་ཀྱི་ཆུ་འཁྲུགས་པ་དང་། གཏི་མུག་གི་མུན་འཐུབས་པ། ང་རྒྱལ་གྱི་རི་གཟེངས་པ། ཕྲག་དོག་གི་རླུང་འཚུབ་པ། སེར་སྣའི་མདུད་པ་དམ་པ་སོགས་མཐའ་དག་གི་འབྱུང་རྩ་ནི་དཔེ་ཆ་མ་བཀླག་པ་དང་། བཀླགས་ཀྱང་གང་དེ་ཉིད་སྐྱབས་དང་མགོན་དང་བཤེས་དང་གྲོགས་སུ་མ་གྱུར་པའི་སྟབས་ཀྱིས་རེད་འདོད་ལ། མི་ཞིག་རང་ཁྱིམ་གྱི་སྒོ་ཁ་ལས་གོམ་གང་མ་སྤོས་རུང་།གོ་ལའི་གནས་ཚུལ་ཕྲ་རགས་ཡོད་དོ་ཅོག་ལ་རྒྱུས་མངའ་བ་དང་། དབང་འབྱོར་བ་དང་། ནང་བྱན་ཆུད་པ་སོགས་ནི་དཔེ་ཀློག་གི་དྲིན་ལོས་ཡིན་སྙམ་དུ་བསམས།

ཕན་ཚུན་ངོ་མི་ཤེས་པའི་མི་སྒེར་དང་ཚོགས་སྤྱི་གང་རུང་ཞིག་གི་བསམ་བློ་གཞི་གཅིག་ཏུ་སྦྲེལ་བྱེད་ཀྱི་གནད་དམ་པ་དཔེ་ཀློག་ཡིན་ལ། ད་ནས་ཡར་བརྩིས་པའི་བགྲང་བྱ་ལོ་ངོ་འབུམ་དང་ས་ཡ་དང་དུང་ཕྱུར་སོགས་ཀྱི་ཕྱི་ནང་གསང་གསུམ་གྱི་དངོས་ཡོད་རྟོགས་བྱེད་ཀྱང་དཔེ་ཀློག་ཡིན་པར་མ་ཟད། ད་ནས་མར་བརྩིས་པའི་བགྲང་བྱ་ལོ་ངོ་སྟོང་དང་ཁྲི་དང་འབུམ་གྱི་འདས་མ་ད་གསུམ་གྱི་མདུན་ལྗོངས་མཐོང་བྱེད་ཀྱང་དཔེ་ཀློག་ཡིན། དེ་བས། དཔེ་ཀློག་མ་བྱས་པར་ཡིད་བློ་རབ་ཏུ་ཚིམས་ནས་བསྡད་པ་ནི་མི་ཡི་ཆ་ལུགས་མ་རེད་ལ། མ་མཐའ་ཡང་དཔྱོད་ཤེས་དང་ལྡན་པ་དང་། རྟོགས་སད་དང་ལྡན་པའི་མི་གཤའ་མ་ཞིག་མ་རེད་འདོད།

དཔེ་ཀློག་མ་བྱས་པའི་ཉེས་དམིགས་དང་གྱོང་གུད་ནི་དཔེ་ཆ་མ་བཀླགས་པ་ཙམ་ག་ལ་ཡིན་ཏེ། དེས་མཐོ་རིམ་སྲོག་ཆགས་སུ་འབོད་པའི་གོ་ལ་ཟླུམ་པོའི་ངོས་ཀྱི་སྲོག་ཆགས་འདི་རྣམས་མུ་མཐུད་དུ་འཚོ་ཞིང་གནས་ཐུབ་མིན་དང་དར་ཞིང་རྒྱས་ཐུབ་མིན་མཚོན་ལ། མིའི་རིགས་ཀྱི་མ་ཡུམ་གོ་ལ་འདི་ད་དུང་བརྟན་ཞིང་བརླིང་པ་དང་། མཛེས་ཤིང་སྡུག་པ། ཡངས་ཤིང་ཆེ་བ། ཟབ་ཅིང་སྙོམས་པའི་སྒོ་ནས་གསོན་ཐུབ་མིན་ཡང་མཚོན་བཞིན་ཡོད་པས། དཔེ་ཀློག་ལ་དགའ་མཁན་དེ་མི་གཤའ་མ་ཡིན་ལ། མི་ཞིག་ཡིན་ཕྱིན་དཔེ་ཀློག་དང་ཁ་བྲལ་མི་རུང་ངོ་། །

གཅེས་པའི་མི་ཨང་། ནམ་ཞིག། འདང་རྒྱག་གི་རྨི་ལམ་དེ་གངས་རི་བཞིན་གྲང་དུས་དང་། འགྱོད་གདུང་གི་བསེར་བུ་དེ་ལྕགས་མདའ་བཞིན་རྣོ་དུས་སུ། ང་རང་ཚོས་གྲང་ངར་དེ་དཔེ་ཀློག་མ་བྱས་པ་ལས་བྱུང་བ་དང་། བསེར་བུ་དེ་ཡང་དཔེ་ཀློག་མ་བྱས་པ་ལས་གཡུགས་པ་ཡིད་ལ་ངེས་དགོས། བློ་ཡིས་རྟོགས་དགོས། སེམས་ཀྱིས་ཚོར་དགོས།

མདོར་ན། དཔེ་ཀློག་ནི་ད་གཟོད་འཕེལ་རྒྱས་ཀྱི་རྩ་བ་དང་། འཆམ་མཐུན་གྱི་རྨང་རྡོ། དཔལ་ཡོན་གྱི་འབྱུང་ཁུངས། མདུན་སྐྱོད་ཀྱི་དཔའ་སྤོབས། དཔྱོད་ཤེས་ཀྱི་བདུད་རྩི། འབྱུང་འགྱུར་གྱི་དྲི་བསུང་ངོ་། །



  • ལེ་ཚན་སྔོན་མ།:ཨ་མ་ཚེ་རིང་ལོ་བརྒྱ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།