དབྱངས་ཞི་བ། 2023-11-09
ཁ་བ་ཉིན་མཚན་མེད་པར་འབབ་ཉིན་ཞིག་ལ། །
ཁོ་བོ་ལྷིང་འཇགས་མ་གནས་སེམས་པ་འདི་ཉིད། །
འགུལ་གྱིན་འགུལ་གྱིན་སྙིང་གི་མཚོ་མོ་དེ་རུ། །
གསང་བའི་ལྷ་མོ་ཁྱོད་ཉིད་འཁྱུག་མཚམས་མེད་ཐལ། །
སྒྱུ་མའི་གྲོང་གི་བརྡ་འཕྲིན་དུས་རབས་ཁྲོད་ནས། །
སྙིང་གཏམ་ཚིག་གི་རི་མོ་ཟད་མཐའ་མེད་པར། །
གཞུང་ལུགས་ཟབ་པའི་ཆོས་ཀྱི་གནས་ལུགས་མ་སྦྱོང་། །
སྙན་འཇེབས་ངག་གི་མེ་ཏོག་ཁྱོད་ལ་ཐིམས་ཡོད། །
སེམས་སོང་ཞལ་གྱི་འཛུམ་རིས་མཁའ་ཡི་བསིལ་ཟེར། །
ལོ་ཟླའི་རི་བོ་བརྒལ་བའི་སྤྱི་ཚོགས་འགྲམ་ནས། །
ལྷ་དང་མགོན་པོ་སྒོམ་འདྲའི་ཞེ་འདང་མལ་སར། །
སྙལ་བཞིན་སྙལ་བཞིན་ཁྱོད་ཉིད་གམ་དུ་གནས་འདྲ། །
ཚོར་བའི་ལྦུ་ཆང་བཟི་ཁ་བཙན་པོ་ཞིག་གིས། །
སྣང་བའི་མེ་ཏོག་འཐུ་བཞིན་འཇིག་རྟེན་འདི་རུ། །
འཛུམ་པའི་ཆར་བ་ལུས་ཀྱི་སྟེང་ལ་འབབ་འདྲའི། །
རྣམ་རྟོག་ངོས་སུ་བདག་གི་གསེང་ལ་ཐིམས་སོང་། །
གསང་བའི་རི་མོ་རེ་རེ་འབྲི་བཞིན་འབྲི་བཞིན། །
ནམ་མཁའི་ལྷ་མོ་དེའང་མཛེས་པར་མ་སྣང་། །
ཡིན་ཡང་སེམས་སོང་སྙིང་གི་གཅེས་ལོ་ཁྱེད་ཉིད། །
མཁའ་ཡི་ལྷ་ལས་མངོན་སུམ་སྣང་བའི་ཡིད་འཕྲོག།
ཟླ་བའི་ཟིན་བྲིས་དེའང་ཁྱོད་ཀྱི་གྲིབ་གཟུགས། །
མཚན་རེའི་རྨི་ལམ་དབུས་སུ་ཁྱོད་ཉིད་སྒོམ་ཞིང་། །
ཉིན་རེའི་ཡིད་དབང་དེའང་ཁྱོད་ཀྱི་གཏེར་གནས། །
སྡེ་དགེའི་ཟེགས་མ་ནག་མོ་སེམས་ཀྱི་ལྷ་ཡིན། །
རྩོམ་གསར། 10