གཞི་ཚང་ཟླ་བ་གྲགས་པ། 2023-11-09
རི་ཟོམ་བྲག་ཐེམ་བྲག་སྐྱིབས།།
ཐང་དཀར་རྒོད་པོའི་ཁྱིམ་རེད།།
མཚོ་འགྲམ་ངང་བ་གཞོན་ནུ།།
སྡོད་པའི་གནས་མལ་མ་རེད།།
མཐོན་པོ་སྒང་ལ་བུད་ན།།
སྒྱུ་མའི་ཟློས་གར་རིག་ཀྱང་།།
ང་ལ་དགོས་པའི་གཙང་ཆབ།།
གཤོང་ནས་མ་གཏོགས་མི་བཞུར།།
ཕྱོགས་བཞི་རྡུལ་གྱིས་བསྐོར་ཀྱང་།།
རྡུལ་གྱིས་ལང་ཚོ་མ་རྨས།།
སྐུ་གཤིས་དྭངས་ཤིང་གཙང་བ།།
གངས་ལས་འཁྲུངས་པ་ཡིན་ནམ།།
རྒྱང་ནས་སེམས་ཀྱིས་མྱངས་ན།།
བཀྲེས་སྐོམ་གདུང་བ་ཡལ་འགྲོ།།
འཁྲིས་ནས་བག་ཕེབས་བསྡད་ན།།
སྙན་མོའི་གླུ་གཞས་ལེན་ཡོང་།།
ལྷ་ཆབ་ཕྱོགས་པའི་སེམས་པ།
རྣམ་པར་ཨེ་དག་མ་འདྲི།།
བཏུང་འདོད་ཞེ་གཏིང་མེད་ན།།
རྨི་ལམ་ནང་ནས་མི་བཞུར།།
ཆུ་ཆེན་མཚོ་ཆེན་མ་གླེང་།།
སེམས་ཀྱི་ངལ་དུབ་ཙམ་རེད།།
མཆོང་རི་སྨུག་པོར་འཕྲོད་ན།།
ཆེ་དང་མ་ཆེ་མི་འདུག།
རྩྭ་ལྗང་མེ་ཏོག་བྲལ་དུས།།
ཞེ་ནས་སྐྱེངས་པ་མ་གནང་།།
བླ་གཡུ་གཡུ་ཆུང་དྲུག་དཀར།།
དར་སྔོན་དཀྲིས་ན་མི་མཛའ།།
སྲོད་ཁའི་གྲིབ་མ་འཁྱིལ་དུས།།
རྨི་ལམ་ཅི་ལ་བསྒུགས་ཡོད།།
སྐྱ་རེངས་མེ་ལོང་ནང་དུ།།
སུ་ཡི་ཞལ་འཛུམ་མངོན་ཡོད།།
དྭངས་གསལ་རྫ་ཆབ་བསིལ་མས།།
ང་རང་བསམ་པ་མིན་ན།།
དར་ཁར་རྡེག་བའི་རླབས་སྒྲ།།
དེ་འདྲ་སྙན་ས་མ་རེད།།
འཁོར་བའི་གླིང་ཆུང་ཞིག་ལ།།
མཚོ་མོ་བསྐྱིལ་འདོད་མེད་ན།།
འཁྲིལ་བག་ཆགས་པའི་བཞུར་རྒྱུན།
དེ་འདྲ་འཇམ་ས་མ་རེད།།
ཆར་ཆུས་ཤྭ་འོད་རྒྱས་དུས།།
ཞབས་འགྲོས་ལྷོད་ལྷོད་མཛད་རོགས།།
རླབས་རྒྱུན་བྲག་རྡོར་རྡེག་ན།།
ང་ཡི་དོན་སྣོད་གཟེར་འདུག།
དགུན་ཁ་གྲང་རབས་མ་གླེང་།།
བཞུར་ལམ་ཀྱོག་གི་མ་གསུང་།།
གཙང་པོར་དར་ཁ་འགྲིག་ན།།
ང་ཡིས་གསེར་ཟམ་འཐེན་ཆོག།
རྩོམ་གསར། 10