ནམ་ཤེས། 2023-11-14
སྲང་ལམ་ངེས་མེད་བགྲོད་པའི་དུས་ཚོད་ནང་།།
གྲུ་ཆུང་གཅིག་ཏུ་འཛོམས་པའི་ཁྱོད་ཉིད་དང་།།
གླུ་བུར་ངོ་ཐུག་རྒྱག་དུས་བདག་ཡིད་ལྐུགས།།
མི་འབྲལ་ཡུན་དུ་འགྲོགས་རྒྱུ་མ་བྱུང་བས།།
གཅིག་པུར་ཁྱིམ་དུ་ལོག་རྗེས་སྐྱོ་བ་འཕེལ།།
གང་ལྟར་འཇིག་རྟེན་འདི་ཀོ་མི་རྟག་པས།།
འཚོ་བ་ཅི་བྱུང་ལས་ལ་བཀོད་པ་ཅི།།
ད་ལྟ་ཁྱོད་ཀྱིས་དུས་ཚིགས་བར་མེད་དུ།།
ཁོ་བོ་དྲན་པའི་ཟོལ་གྱིས་སྐར་མ་རེར།།
མགུར་མའི་དབྱངས་རྟ་སྦྱར་ཏེ་བསྐུར་ཡོད་དམ།།
དུས་ཀྱིས་བཅད་པའི་རི་ཆུ་མང་པོའི་རྒྱབ།།
ང་ཡི་ཉི་འོད་དེ་ཙམ་མི་དྲོ་ཡང་།།
མཚན་ཐུན་ཟླ་འོད་གསལ་བའི་རྨི་ལམ་དུ།།
ཁྱོད་རང་ལན་གཅིག་འཕྲད་པའི་སྤྲོ་བ་ཡིས།།
དགུན་གསུམ་ལྷགས་པར་མི་འཇིགས་དཔའ་ངར་བསྐྱེད།།
མི་འཕྲད་ལོ་དང་ཟླ་བ་འདི་ལྟར་རྫོགས།།
མི་བརྗེད་ཡིད་ཀྱི་གཙང་བོ་ཡང་ཡང་བྲུག།
ཡུན་ཐུང་ཚེ་ཡི་མེ་ཏོག་རྒས་སོང་ཚེ།།
སླར་ཡང་རྟིང་མའི་དཔྱིད་ཟླར་བསྒུག་དགོས་ཨང་།།
རྩོམ་གསར། 10