བློ་བཟང་དབང་མོ། 2023-11-10
སྔོ་སངས་ཀྱི་མཁའ་ལས་སྤྲིན་དཀར་ཚོམ་བུར་རྒྱུ།།
དྲོ་འཇམ་གྱི་ཉི་འོད་ཡངས་པའི་ས་གཞིར་འཕྲོས།།
མཛེས་སྡུག་གི་ལྷུན་པོ་བར་སྣང་མཁའ་ལ་ཟུག།
དྭངས་གཙང་གི་ཆུ་བོ་འཛམ་གླིང་ཕྱོགས་བཞིར་འབབ།།
གཡང་གཟར་གྱི་བྲག་ཕུག་གཞལ་ཡས་ཁང་དུ་བརླམས།།
ཟས་ཆག་གི་འཚོ་བ་སྨྱུང་གནས་ལུགས་སུ་བརྩིས།།
ཕྱི་རོལ་དུ་མི་ཕེབས་སྟོང་ཉིད་སྒོམ་ལ་ཞུགས།།
རྟུག་དྲི་ཡིས་ཁེངས་པ་དྲི་ངད་སྤོས་ལ་སེམས།།
བདེ་བ་ཡི་ཆེད་དུ་བྲེལ་བའི་ལས་ལ་ཞུགས།།
འཚོ་བ་ཡི་དོན་དུ་ལ་ལུང་འཕྲེད་དུ་བཅད།།
འདབ་ཆགས་ཀྱི་རིགས་ལ་བསྟོད་པ་འོས་ན་ཡང་།།
སྟོང་བསམ་ལ་གཡེང་པའི་ལྟས་ངན་ཐན་བྱ་འདིས།།
ཉིན་མོ་ལ་མི་བྲེལ་གཏི་མུག་གཉིད་ལ་ཤོར།།
མཚན་མོ་ལ་མི་ཉལ་རྐུན་མའི་ལས་ལ་ཞུགས།།
མཁའ་འགྲོ་ཡི་རིགས་ཀྱི་ཐ་མ་ཁྱོད་དང་བཅས།།
དུམ་བུ་ལ་བཏང་ནས་འཆི་ལམ་བརྫང་ན་འདོད།།
དྲི་བཞོན་དང་འགྲོགས་ནས་ནམ་མཁའི་དབྱིངས་སུ་རྩེན།།
རྒོད་པོ་དང་འདྲ་བའི་གཤོག་རྩལ་མེད་ན་ཡང་།།
མཁའ་དབྱིངས་སུ་ལྡིང་བའི་གཤོག་ཟུང་མངའ་བའི་ཕྱིར།།
ཕྱི་རོལ་ལ་འཕུར་ནས་ཁ་ཟས་འཚོལ་སོང་ཨང་།།
བདེ་སྐྱིད་ཀྱི་འཚོ་བ་དབྱར་མཚོ་ལྟར་རྒྱས་ཤིང་།།
རེ་བ་ཡི་གཤོག་རྩལ་མཁའ་དབྱིངས་སུ་ངོམ་དུས།།
སྤོབས་པ་ཡི་ཁྲབ་རྨོག་གོན་རྒྱུ་ཞིག་མེད་ཀྱང་།།
ལེ་ལོ་ཡི་དུས་དྲུག་འདས་ཁོམ་ཞིག་ཡོད་དམ།།
གནམ་གཤིས་དང་བསྟུན་ཏེ་སྐྱིད་པོ་ཡི་ཡུལ་ལ།།
འགྲོ་འདོད་ཀྱི་བསམ་པ་ཁྱོད་ལ་ཡང་ཡོད་མོད།།
རྣམ་གཡེང་གི་ཐག་པས་དམ་པོ་ལ་བཅིངས་ཏེ།།
མི་ཚེ་ཡི་ལས་དབང་བྲག་སྲུབས་ལ་བསྐྱལ་ལོ།།
ཁུ་བྱུག་གི་གསུང་སྙན་མི་ཡུལ་ལ་བསྒྲགས་ཏེ།
མཛེས་སྡུག་གི་དཔྱིད་དཔལ་ལོངས་སྤྱོད་ལ་རོལ་དུས།།
དུས་བཞི་ཡི་འགྱུར་བ་ཡིད་ངོས་ལ་མེད་པའི།།
ལས་ངན་གྱི་བྱ་ལ་སྙིང་རྗེ་རེ་སྒོམས་དང་།།
དྲན་ཤེས་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག་ཅིང་།།
སྙན་མོ་ཡི་གསུང་སྐད་མི་ཡུལ་ལ་སྒྲོག་དུས།།
འཇིག་རྟེན་དུ་ཡོད་ཚད་རྨོངས་གཉིད་ལས་དཀྲོགས་ཀྱང་།།
ཕྱི་རོལ་ལ་ལྟ་བའི་མིག་ཟུང་དེ་ལྡོངས་སོང་།།
ལ་ལུང་གི་བགྲོད་ལམ་ཡུག་ཅིག་ལ་གཤགས་ཏེ།
ཕུན་ཚོགས་ཀྱི་འཚོ་བ་སུམ་རྩེན་ལས་ལྷག་ཅིང་།།
མཛེས་སྡུག་གི་སྒྲོ་མདངས་རི་ཀླུང་ལ་འཕྲོས་ཀྱང་།།
མུན་ནག་ཏུ་འཚོ་བའི་སྔུར་སྒྲ་དེ་ཐོས་བྱུ
རྩོམ་གསར། 10