ལྷ་མོའི་ཟློས་གར་དང་མི་ཉག་ལ་གླུའི་ཁྲོད་ནས་འཚར་ལོངས་བྱུང་བའི་གླུ་མ་རྡོ་རྗེ་དཔལ་མོ།

མཁས་གྲུབ་ཀྱིས་བྲིས།        2023-11-10

ལྷ་མོའི་ཟློས་གར་དང་མི་ཉག་ལ་གླུའི་ཁྲོད་ནས་འཚར་ལོངས་བྱུང་བའི་གླུ་མ་རྡོ་རྗེ་དཔལ་མོ།

སྤྱི་ཟླ་བདུན་པའི་ཉིན་ཞིག།གངས་དཀར་བུམ་པའི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་སྐབས་དང་པོའི་ངལ་གསོའི་སྐབས་ལ།རྡོ་རྗེ་དཔལ་མོས《ཨ་མ་ལ་ཕུལ་བའི་གླུ་དབྱངས》དང《གྲོག་རོང་གི་བྲག་ཅ》ཞེས་པའི་གླུ་དབྱངས་བླངས་ཏེ། མགྲིན་དབྱངས་རིང་མོའི་སྐད་གསང་མཐོ་ལ་སྙན་ཞིང་འཇེབས་པས་ལྟད་མོ་བ་རྣམས་ཀྱི་རྣ་དབང་ཅིག་ཅར་དུ་བཀུག་པ་དང་།རང་བྱུང་གི་གླུ་སྒྲ་སྙན་མོ་ལུས་རྩལ་ཐང་ཆེན་དུ་ལྷང་ལྷང་གྲགས།

རྡོ་རྗེ་དཔལ་མོ་ནི་ཁམས་མི་ཉག་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་སྐྱིད་ལེགས་སྡེ་བར་སྐྱེས་པ་རེད།མོའི་སྣང་ཡུལ་དུ་སྐྱིད་ལེགས་སྡེ་བའི་མི་རྣམས་ནི་ཡུལ་དུས་གང་ཞིག་ཡིན་རུང་ལ་གླུ་གཏོང་བར་སྤྲོ་ཞིང་།རི་ལ་ཕྱུགས་འཚོ་བ་དང་ཁང་པ་གསར་པ་རྒྱག་པ།ཞིང་ས་རུ་ངལ་རྩོལ་བྱེད་པ་སོགས་སུ་ལ་གླུ་བླངས་པ་དང་།སྐབས་ལ་ལར་ད་དུང་ཨ་ཅེ་ལྷ་མོའི་ཟློས་གར་སོགས་འཁྲབ་པར་དགའ་པོ་ཡོད།ཁོར་ཡུག་དེ་འདྲའི་ནང་ནས་འཚར་ལོངས་བྱུང་བའི་རྡོ་རྗེ་དཔལ་མོས་ཆུང་དུས་ནས་ཨ་ཅེ་ལྷ་མོ་དང་མི་ཉག་ལ་གླུ་ལ་ཧ་ཅང་དགའ་པོ་ཡོད། མོ་རང་ལོ་ངོ་དྲུག་བདུན་ཙམ་ལ་སླེབས་པ་ནས་ལ་གླུའི་གཞས་ཚིག་བློ་ལ་ངེས་པ་དང་གདངས་དབྱངས་འཐེན་ལུགས་སོགས་ལ་སྦྱངས་ནས་རྒྱུན་པར་ཨ་མས་བཀོད་སྒྲིག་བྱས་པའི་ལས་ཀའང་བརྗེད་ཀྱི་ཡོད། དུས་དེ་ནས་བཟུང་ཁོ་མོའི་མི་ཚེ་ཁྲོད་ཀྱི་ལ་གླུའི་ས་བོན་ལ་མྱུ་གུ་འབུས་འགོ་བརྩམས་པ་རེད།

ལྷ་མོའི་ཟློས་གར་དང་མི་ཉག་ལ་གླུའི་ཁྲོད་ནས་འཚར་ལོངས་བྱུང་བའི་གླུ་མ་རྡོ་རྗེ་དཔལ་མོ།
རྡོ་རྗེ་དཔལ་མོ་རོལ་དབྱངས་ཤེས་ལྡན་མི་སྣའི་གསར་རྩོམ་གསོ་སྦྱོང་ནང་ཞུགས།

རྡོ་རྗེ་དཔལ་མོ་ལོ་ངོ12ལ་སོན་སྐབས་མི་ཉག་ལྷ་མོའི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་ཆུང་ཆུང་ཞིག་ཏུ་གྱུར་པ་རེད། སྐབས་དེ་དུས་མི་ཉག་ལྷ་མོ་ཚོགས་པར་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཚོགས་པར་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་དང་བཅས་ཚོགས་མི30ལྷག་ཡོད་པ་རེད།རྡོ་རྗེ་དཔལ་མོས་ལྷ་མོའི་ཟློས་གར་ཚོགས་པ་ནས་དགེ་རྒན་བཟང་པོའི་མཛུབ་སྟོན་ལས་ཤེས་བྱའི་འཚོ་བཅུད་བླངས་ཤིང་འབད་བརྩོན་ལྷོད་མེད་བྱས་པ་དང་། ཁྱིམ་དུ་སླེབས་མ་ཐག་མོས་ཨ་མ་ལགས་ཀྱི་གྱོན་ཆས་མཛེས་ཤོས་རྣམས་བཙལ་ནས་གྲོགས་པོ་ཆུང་ཆུང་ཚོ་ལ་ཨ་ཅེ་ལྷ་མོ་འཁྲབ་ལུགས་བསླབས་ཏེ། འཁྲབ་ཚན་ལས་མི་སྣ་གཙོ་བོ་ཇི་ལྟར་འཁྲབ་ལུགས་སོགས་གོ་རིམ་ལྡན་པའི་ངང་ནས་བཀོད་སྒྲིག་བྱས་པ་རེད།

དེ་ནས་རིམ་བཞིན་རྡོ་རྗེ་དཔལ་མོས་ལྷ་མོའི་འཁྲབ་ཚན་མང་པོ་སྦྱངས་པ་དང་།ལ་གླུའི་འགྱུར་ཁུག་ཀྱང་ཇེ་སྙན་དུ་སོང་ནས་རྒྱུན་པར་ཁོ་མོ་ལ་དགེ་རྒན་དང་གྲོགས་པོ་ཚོས་སྤྱང་གྲུང་བློ་རིག་ཅན་དང་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་པ་སོགས་ཀྱི་བསྔགས་བརྗོད་མང་མང་ཐོབ་ཀྱི་ཡོད། རྡོ་རྗེ་དཔལ་མོས་ཀྱང་དགེ་རྒན་ཚོའི་སློབ་སྟོན་དང་རེ་བ་སྟོང་ཟད་དུ་གཏོང་དོགས་ཀྱིས་སློབ་སྦྱོང་ལ་དེ་བས་འབད་བརྩོན་བྱས་ནས་ལྷ་མོ་ཚོགས་པའི་འཁྲབ་ཚན་ཚང་མའི་འཁྲབ་སྟོན་པ་གཙོ་བོར་གྱུར་པ་རེད།

ལྷ་མོའི་ཟློས་གར་དང་མི་ཉག་ལ་གླུའི་ཁྲོད་ནས་འཚར་ལོངས་བྱུང་བའི་གླུ་མ་རྡོ་རྗེ་དཔལ་མོ།
ཕྱི་རྒྱལ་གྱི་ཞེན་འབྲང་བ་དང་མཉམ་པར་ལེན་པ།

2005ལོར་རྡོ་རྗེ་དཔལ་མོས་གོ་སྐབས་ཤིག་དང་བསྟུན་ནས་རྔ་བ་ཁུལ་གཟི་རྩ་སྡེ་དགུའི་བོད་རྒྱལ་གསོལ་སྟོན་སྒྱུ་རྩལ་ཚོགས་པའི་ནང་ཞུགས་པ་དང་། དེ་ལྟར་མོས་ཕ་ཡུལ་སྐྱིད་ལེགས་སྡེ་བ་དང་བྲལ་ནས་ཐག་རིང་གཞན་ཡུལ་འགྲིམས་པའི་གོམ་པ་དང་པོ་སྤོས་པ་རེད།

གཟི་རྩ་སྡེ་དགུར་འབྱོར་ཏེ་ལོ་བཅུ་ལ་ཉེ་བའི་རིང་རྡོ་རྗེ་དཔལ་མོས་སྔར་བཞིན་སློབ་སྦྱོང་ལ་འབད་བརྩོན་བྱས་ཤིང་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད་དེ། མཚོ་སྔོན་བརྙན་འཕྲིན་ཁང་དང་།ཀྲུང་དབྱང་བརྙན་འཕྲིན་ཁང་།ཐ་ན་ཕྱི་རྒྱལ་སོགས་སུ་འཁྲབ་སྟོན་ལ་ཞུགས་ནས་ཁོ་མོའི་གར་སྟེགས་དེ་བས་རྒྱ་ཆེ་རུ་ཕྱིན། དེ་ནས་མི་སྒེར་གྱི་ཆེད་སྒྲིག《མི་ཉག་གི་དབྱངས་བདུན》ཞེས་པ་དང་།《མི་ཉག། ངའི་མི་ཉག》ཅེས་པའི་བརྙན་ལེན་ཟིན་ཐོ་སོགས་ཀྱིས་ཁོ་མོའི་མིང་མི་དེ་བས་མང་པོས་ཤེས་ཤིང་རྒྱ་ཁྱབ་ཏུ་གྲགས་པ་རེད།

ལྷ་མོའི་ཟློས་གར་དང་མི་ཉག་ལ་གླུའི་ཁྲོད་ནས་འཚར་ལོངས་བྱུང་བའི་གླུ་མ་རྡོ་རྗེ་དཔལ་མོ།
སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་ཞུ་བ།

2010ལོར་ཁོ་མོས་རྒྱལ་ཡོངས་ན་གཞོན་གླུ་པ་གླུ་མའི་འགྲན་སྡུར་ཆེ་མོའི་སི་ཁྲོན་འགྲན་ཁུལ་གྱི་གསེར་གྱི་རྟགས་མ་ཐོབ་པ་དང་རྒྱལ་ཡོངས་ཀྱི་རྩེ་གྲ་བཅུའི་གྲས་སུ་ཚུད་པ་རེད། དེའི་རིང་གར་སྟེགས་སུ་ཁོ་མོའི་ཨ་ཅེ་ལྷ་མོའི་གྲེ་འགྱུར་སྙན་མོ་ལ་དཔྱད་བསྡུར་དགེ་རྒན་རྣམས་ཀྱིས་གདེང་འཇོག་ཆེན་པོ་གནང་བས་ཁོ་མོར་སེམས་འགུལ་ཚད་མེད་ཐེབས་ཤིང་མིག་མཐར་མཆི་ཞག་འཁོར་བ་དང་། རྡོ་རྗེ་དཔལ་མོས་མ་འོངས་པའི་མི་ཉག་ལྷ་མོའི་ཟློས་གར་དང་མི་ཉག་ལ་གླུའི་འཕེལ་རྒྱས་ལམ་བུར་དེ་བས་ཧུར་ཐག་གིས་གཞོལ་རྒྱུར་སེམས་ཐག་གཙང་གཅོད་ཀྱི་འདུན་པ་དྲག་པོ་འཕྱུར་བ་རེད།

སློབ་སྦྱོང་དང་ཁྱིམ་མི་ཚང་མར་ལྟ་རྟོག་བྱ་ཆེད། རྡོ་རྗེ་དཔལ་མོས་སྔ་རྗེས་སུ་དཀར་མཛེས་ཁུལ་གླུ་གར་ཚོགས་པ་དང་དར་མདོ་གྲོང་ཁྱེར་ལས་ཁུངས་ལས་དོན་ཅུས་སུ་ལས་གནས་ལ་ཞུགས།དེའི་རིང་འཁྲབ་སྟོན་ཆེ་ཁག་དང་།འགྲན་སློང་མི་འདྲ་བ།གྲུབ་འབྲས་སྣ་ཚོགས་བཅས་གང་མང་མང་ཞིག་གི་ལམ་བུ་བརྒྱུད་ཡོད་ལ། 2021ལོར་ཁོ་མོ་ཁུལ་རིམ་པའི་ལྷ་མོའི་ཟློས་གར་གྱི་རྒྱུན་འཛིན་པ་ལ་བདམས་པ་རེད།

མི་ཉག་ཨ་ཅེ་ལྷ་མོའི་ཟློས་གར་དང་མི་ཉག་ལ་གླུ་ནི་དཀར་མཛེས་ཁུལ་གྱི་ཕུལ་བྱུང་རིག་གནས་ཤིག་ཡིན་ལ།དེ་དར་སྤེལ་དང་རྒྱུན་འཛིན་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་ཅིག་རེད་འདུག། ད་ཆར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཚེས་སྐབས་སྐྱིད་ལེགས་སྡེ་བས་དམིགས་བསལ་གྱི་དཔུང་ཁག་ཅིག་བཙུགས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཨ་ཅེ་ལྷ་མོ་དང་མི་ཉག་ལ་གླུ་སོགས་སྒྱུ་རྩལ་འཁྲབ་སྟོན་རྣམ་མང་སྤེལ་བཞིན་ཡོད།དཔུང་ཁག་དེ་སྒྲིག་འཛུགས་བྱེད་མཁན་རྡོ་རྗེ་དཔལ་མོ་ཡིན་ཞིང་།རུ་མི་ཚོས་སློབ་སྦྱོང་དེ་བས་ཡག་པོ་བྱ་ཆེད།རྡོ་རྗེ་དཔལ་མོས་མི50ལྷག་གི་སྐད་འཕྲིན་ཚོགས་པ་བཙུགས་པར་མ་ཟད།ཁོ་ཚོར་རིན་མི་དགོས་པའི་བྱེད་སྒོ་སྤེལ་ཡུལ་དང་སློབ་ཁྲིད་ཀྱང་བྱས་པ་རེད། རྡོ་རྗེ་དཔལ་མོས་ཁོ་ཚོས་སློབ་སྦྱོང་བྱེད་འདོད་ཡོད་ཚེ་ང་ལ་ཁ་ལག་ཟ་བའི་དུས་ཚོད་བློས་གཏོང་དགོས་ཀྱང་འགྱོད་པ་མེད་ཅེས་བཤད།

ལྷ་མོའི་ཟློས་གར་དང་མི་ཉག་ལ་གླུའི་ཁྲོད་ནས་འཚར་ལོངས་བྱུང་བའི་གླུ་མ་རྡོ་རྗེ་དཔལ་མོ།
འཁྲབ་སྟོན་བྱེད་བཞིན་པ།

རྡོ་རྗེ་དཔལ་མོས་དེང་སང་ཁོར་ཡུག་འདི་འདྲའི་འོག་ཏུ་མི་ཉག་ལྷ་མོའི་ཟློས་གར་དང་མི་ཉག་ལ་གླུ་སོགས་དམངས་ཁྲོད་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱ་བའི་དཀའ་ངལ་ཤེས་བཞིན་ཡོད་ཅིང་།ཁོ་མོས་མི་ཉག་ལྷ་མོའི་ཟློས་གར་དང་མི་ཉག་ལ་གླུ་དེ་བས་ལེགས་པའི་སྒོས་རྒྱུན་འཛིན་བྱེད་པར་བྱ་ཐབས་གསར་པ་དང་འདུ་ཤེས་གསར་པ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་ཧྭའི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་ནང་དོན་གཏིང་ཟབ་པས་བར་གེགས་ཅི་འདྲར་ཐུག་ཀྱང་འགོག་ཐུབ་པའི་སྟོབས་ཤུགས་ཡོད་པར་མ་ཟད།ཀྲུང་དབྱང་དང་།ཞིང་ཆེན།ཁུལ་བཅས་ཀྱི་སྲིད་ཇུས་སྣ་ཚོགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་ཡང་ཡོད་པས། མི་ཉག་ལྷ་མོའི་ཟློས་གར་དང་མི་ཉག་ལ་གླུ་སོགས་ཀྱི་སྒྱུ་རྩལ་རིག་གནས་མ་ཉམས་དར་སྤེལ་གཏོང་བར་རྒྱུན་འཁྱོངས་བྱེད་རིན་ཡོད་པའི་ཡིད་ཆེས་ཡོད་ཅེས་བཤད།

ཉིན་ཤས་གོང་སི་ཁྲོན་སྒྱུ་རྩལ་སློབ་གླིང་གིས་རྡོ་རྗེ་དཔལ་མོར་སློབ་དཔོན་གྱི་ལག་ཁྱེར་སྤྲད་ནས་ཁོ་མོའི་ཉམས་མྱོང་དང་སྒྱུ་རྩལ་ལ་བརྟེན་ནས་ཕྲུ་གུ་ཚོར་དམངས་ཁྲོད་སྒྱུ་རྩལ་གྱི་སློབ་ཁྲིད་རེ་ཞུ་བྱས། སྐབས་དེ་དུས་རྡོ་རྗེ་དཔའ་མོས་སྔོན་ཆད་རིག་རྩལ་གྱི་ལམ་བུར་མྱོང་བའི་དཀའ་སྡུག་དག་ནི་མྱོང་རིན་ཡོད་པ་ཞིག་ལ་ཤེས་ཏེ།མ་འོངས་པའི་མདུན་ལམ་དུ་ལྷ་མོ་ཚོགས་པའི་དགེ་རྒན་ཚོས་གསུངས་པ་ལྟར།རང་གིས་ཅི་ནུས་ཀྱིས་བྱ་བ་དོན་ལྡན་རེ་འགྲུབ་པ་ལ་མུ་མཐུད་དུ་འབད་པ་དགུར་འགྱུར་གྱིས་གཞོལ་དགོས་པ་སེམས་ལ་ཉར་བཞིན་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད་དོ། །

  • ལེ་ཚན་སྔོན་མ།:འབའ་ཐང་གླུ་བ་བློ་བཟང་ཚེ་རིང་གི་གནས་ཚུལ་རགས་བཀོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།