ཚ་རོང་གླུ་ཡི་སྲས་མོ།༼ གླུ་མ་བསྟན་པ་དབང་མོ། ༽

རྒྱལ་ལྡོང་ཨོ་རྒྱན་དོན་གྲུབ།        2018-02-01

རྒྱལ་མོ་ཚ་བ་རོང་པའི་གླུ་མ་བསྟན་པ་དབང་མོའི་གནས་ཚུལ་ཆེད་བཀོད།

ཚ་རོང་གླུ་ཡི་སྲས་མོ།༼ གླུ་མ་བསྟན་པ་དབང་མོ། ༽

     ལོ་འདི་འགའི་རིང་ནས་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་སྟེགས་བུ་རུ་སྙན་གྲགས་ཀྱི་རླུང་རྟ་མཁའ་ལ་དར་བཞིན་པའི་དེང་རབས་བོད་ཀྱི་གླུ་མ་བསྟན་པ་དབང་མོ་ནི་བོད་རྒྱལ་མོ་ཚ་བ་རོང་གི་ས་ཡི་ཆར་གཏོགས། སྔོན་རྒྱལ་རོང་རྒྱལ་རྒྱལ་ཁག་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་རྒྱལ་རོང་བྲག་སྟེང་རྒྱལ་པོའི་མངའ་ཞབས་དེང་རབས་མིང་དུ་སྨྲས་ན་རོང་བྲག་མཛེས་མའི་ལུང་པ་ཞེས་གྲགས་པའི་ས་ཡི་ཆ། རོང་བྲག་རྫོང་གི་བྲག་སྟེང་ཡུལ་ཚོའི་ལུང་སྟོད་སྡེ་བ་ནས་ཚེ་སྲོག་གི་མེ་ཏོག་གསར་དུ་བཞད་དེ་མི་ཡུལ་གྱི་མཛེས་སྡུག་ཐོག་མར་མྱངས།

      ཆུང་བྱིས་པའི་རྩེ་རར་འགྲིམ་སྐབས་ནས་གླུ་སྙན་མོ་ངག་ལ་འགུག་པའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་དང་ལུས་མྱུར་མོའི་སྟངས་སྟབས་འཛོམས་པའི་བྲོ་གར་ལ་འཁྱོངས་བའི་ལུས་བདེ་མོ་བཅས་ཀྱི་ཆ་རྐྱེན་དག་ནི་ཁོ་མོར་བསོད་ནམས་ཀྱི་ཞིང་ནས་སྨིན་པའི་ཐུན་མིན་གྱི་ཐོབ་སྐལ་ཞིག་ཡིན་ལ། སྐད་ངག་སྙན་མོ་དེས་གྲོགས་ན་ཟླའི་རྣམ་རིག་གསལ་དུ་བཏང་ཞིང་རྒན་ལོ་ལོན་གྱི་སེམས་ཁམས་སྐྱིད་ལ་བསྐོར་བ་བགྲང་གིས་ག་ལ་ཟིན། སྐད་ངག་སྙན་མོ་དེ་མཐོ་རྒྱལ་རོང་རྒྱལ་མོ་དམུ་རྡོའི་རྩེ་མོ་ནས་གྲགས་ཤིང་ཕྱོགས་བཞིའི་ལྷ་ཚོགས་མཉེས་པར་བཀུག་མྱོང་ལ་དམའ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་རླབས་ཕྲེང་དང་བསྡོངས་ནས་འཁྱུག་རྩལ་གྱི་གར་ལ་རོལ་བའི་གསེར་མིག་གི་ཉ་མོ་དག་ཀྱང་དལ་ཅག་གེར་ཁོ་མོའི་སྐད་ངག་གི་སྙན་ཆ་ལ་ཡིད་སེམས་ཤོར་མྱོང་ལ། བར་ཚང་ཚིང་གི་ནགས་ལོའི་དབུས་ནས་བྱ་བྱེའུ་དག་གིས་ཀྱང་ཁོ་མོའི་སྙན་དབྱངས་ཀྱི་འགྱུར་ཁུག་ལ་ཞེན་ཆགས་ཀྱིས་ཀྱ་ཀྱུར་སྒྲོག་པ་སོགས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་ཡུལ་རྒྱལ་མོ་ཚ་བ་རོང་གི་སྣོད་བཅུད་ལ་ཁོ་མོའི་སྐད་ངག་གིས་བརྒྱན་ཞིང་སྙན་ལྷང་ལྷང་སྐད་ངག་གི་འགྱུར་ཁུགས་དེའང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་བཞུར་རྒྱུན་དང་འགྲོགས་ནས་སྙན་པའི་གྲགས་པ་ཀུན་ལ་ཁྱབ་བཞིན་ཡོད།

ཚ་རོང་གླུ་ཡི་སྲས་མོ།༼ གླུ་མ་བསྟན་པ་དབང་མོ། ༽
      ཡུལ་རྒྱལ་མོ་ཚ་བ་རོང་གི་ཡུལ་ཁམས་ལ་མཚོན་ན་སྲོལ་རྒྱུན་དམངས་སྲོལ་རིག་པའི་རྔམས་ཀ་ཧ་ཅང་མཐུག་ལ་ཐུན་མིན་ལོ་རྒྱུས་ཀྱི་གསང་བ་ཤིན་ཏུ་ལྐོག་གྱུར་ཅན་གྱི་ཡུལ་ཁམས་ཁྱད་པར་བ་ཞིག་ཡིན་ལ། ཁོ་མོ་ཡང་ཡུལ་ཁམས་འདི་འདྲ་ཞིག་ནས་འཚར་ལོངས་བྱུང་བས་ཕ་ཡུལ་གྱི་དམངས་སྲོལ་རིག་གནས་དང་དུས་ཆེན་གྱི་འདུ་འཛོམས་སོགས་ཀྱིས་ཁོ་མོའི་མ་འོངས་བགྲོད་ལམ་རིང་མོར་འཇོན་ནུས་ཀྱི་རྨང་གཞི་ཕུན་སུམ་ཚོགས་པ་རེ་བཏང་ཡོད་པ་ཅི་ལ་མིན། ལོ་ལྟར་ཕ་ཡུལ་གྱི་ལོ་སར་དུས་ཆེན་ཀྱི་སྐབས་སུ་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་རིག་རྩལ་གྱི་བྱེད་སྒོ་རུ་གླུ་གར་འཁྲབ་སྟོན་ལ་ཞུགས་དགོས་ལ། ཁོ་མོའི་དྲན་པའི་ཡོལ་བའི་ངོས་རྣམ་ཀུན་བརྗེད་མེད་དུ་འཆར་བ་ནི་ཏག་ཏག་ལོ་ཡི་འཁོར་མོ་དྲུག་ལ་སོན་པའི་ལོ་དེའི་ལོ་སར་གྱི་འདུ་འཛོམས་དུས་སྟོན་གྱི་སྐབས་སུ་དྲིན་ཕ་མ་གཉིས་ཀྱིས་ཆེད་དུ་ཁོ་མོར་ཐེངས་དེའི་བྱེད་སྒོའི་སྟེང་དུ་ཁེར་རྐྱང་གིས་གླུ་དབྱངས་ཤིག་ལེན་དགོས་པའི་སྐུལ་མ་གནང་བ་ལྟར་ཁོ་མོས་ཀྱང་དང་ལེན་བྱས་ཤིང་ནམ་རྒྱུན་མཚན་མོར་ཕ་མ་གཉིས་པོའི་སྐུ་མདུན་ནས་སྦྱོང་བརྡར་བྱས་པས་ཕ་མ་གཉིས་ཀྱིས་ཀྱང་བུ་མོའི་སྦྱོང་བརྡར་ལ་ཡིད་ཆེས་གནང་སྟེ་བསྟོད་བསྔགས་དང་སྐུལ་སློང་ཐོབ། ཕ་མ་གཉིས་ཀྱིས་མཛུབ་སྟོན་འོག་ནས་འཁྲབ་སྟོན་གྱི་རྣམ་པ་བཟང་ཕྱོགས་སུ་སོང་བས་མཐར་ལོ་དེའི་ལོ་སར་འདུ་འཛོམས་ཀྱི་རིག་རྩལ་བྱེད་སྒོ་དེའི་སྟེང་ནས་བུ་མོ་ཆུང་ཆུང་འདིས་བླངས་པའི་གླུ་དབྱངས་ལ་ཡུལ་མི་རྒན་གཞོན་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས་ཏེ་ཡིད་ཆེས་དང་མཐོང་ཆེན་ཚད་མེད་ཐོབ། དུས་དེ་ནས་བཟུང་བུ་མོ་ཆུང་ཆུང་འདིས་གླུ་གར་ལ་སྤྲོ་བའི་བྱིས་པའི་ཕུགས་འདུན་དེ་ལྡབ་འགྱུར་གྱི་ཆེ་རུ་སོང་ཞིང་རྣམ་ཀུན་དྲིན་ཕ་མའི་དྲུང་ནས་གནའ་བོའི་གླུ་དབྱངས་ལ་སྦྱོང་བ་བྱས་པས་དམངས་ཁྲོད་གླུ་དབྱངས་ཀྱི་རྨང་གཞི་ངེས་ཅན་ཞིག་བཏིང་།

ཚ་རོང་གླུ་ཡི་སྲས་མོ།༼ གླུ་མ་བསྟན་པ་དབང་མོ། ༽

      ཁོ་མོའི་མི་ཚེའི་གོ་རིམ་གླེང་ན་དེ་ནི་གྲོགས་ཁ་ཡ་ན་ཟླ་ཀུན་གྱི་ལས་དབང་དང་མི་མཐུན་ཏེ། དེ་ནི་ན་མཉམ་རྩེ་ར་གྲུ་བཞི་ནས་ལག་མཉམ་དུ་ཆགས་པའི་ཆུང་གྲོགས་དག་དང་ཀུན་ནས་མི་མཚུངས་པར་ཁོ་མོ་ནི་སློབ་གྲྭའི་སྒོ་ཐེམ་རྡོག་པས་མནན་མ་མྱོང་ལ་དབྱངས་གསལ་གཉིས་ཀྱི་མཛེས་སྡུག་གི་ལང་ཚོ་ལ་རོལ་མྱོང་གི་གོ་སྐབས་ཤིག་ཡེ་ནས་ཐོབ་མ་མྱོང་བ་དེའོ།། རང་ལོའི་བཅུ་གསུམ་གྱི་ན་ཚོད་དལ་གྱིས་སྨིན་པ་ནས་བཟུང་སྤྱི་ཚོགས་ཀྱི་ཐང་ཆེན་ནས་འཚོ་བའི་རིན་ཐང་འཚོལ་བའི་མགོ་བརྩམས་ཤིང་། རང་ལོ་བཅུ་གསུམ་ཅན་གྱི་ན་ཆུང་ཞིག་ལ་མཚོན་ན་སྐབས་འདི་འདྲའི་ལོ་ཚོད་ལ་སླེབས་སྐབས་སློབ་གྲྭ་ཆུང་འབྲིང་གི་རིག་པའི་འཇུག་ངོགས་ནས་ཤེས་བྱའི་བདུད་རྩིར་རོལ་བའི་དུས་བཟང་ཞིག་ཡིན་ནའང་ཁོ་མོ་ནི་དེ་ལས་ལྡོག་སྟེ་ལོ་ཡི་འཁོར་མོ་བཅུ་གསུམ་ལོན་པ་ནས་དྲིན་ཕ་མ་དང་ཤ་ཉེ་རིང་། རི་ར་བ་ཀུན་པོ་རྒྱབ་ཏུ་བསྐྱུར་ཞིང་མི་ཡུལ་རྒྱུས་མེད་ཀྱི་ས་ཆར་རྡོག་པས་མནན་ཏེ་ནང་ལོགས་ས་ཁུལ་གྱི་གྲོང་ཁྱེར་པེ་ཅིན་དང་ཁྲེང་ཏུའུ་སོགས་ནས་ཞབས་ཞུ་མ་སོགས་ཀྱི་ལས་རིགས་ལ་འཇུག་སྟེ་སྤྱི་ཚོགས་འཚོ་བའི་བང་ཁ་ནས་རང་ཁ་རང་གིས་གསོ་བའི་ལས་ལ་ཞུགས།

      དེ་ལྟར་ཕུགས་ཀྱི་འདུན་མ་ནི་གླུ་གཞས་སྒྱུ་རྩལ་གྱི་སྟེགས་བུ་ནས་གླུ་གར་འཁྲབ་སྟོན་མ་ཞིག་བྱ་རྒྱུའི་འཚོལ་སྙེག་གི་ཆོད་སེམས་མ་ཉམས་པར་ཞབས་ཞུ་ལས་རིགས་ལ་འཇུག་པའི་ཞོར་ནས་རང་ཉིད་ལ་ལྷན་སྐྱེས་ཀྱི་ལུས་པོ་བདེ་མོ་ཞིག་ཡོད་པ་དེས་ཞབས་བྲོ་འཁྲབ་སྟོན་ལ་སྦྱོང་བ་ལྷོད་མེད་དང་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་དེས་དེང་རབས་ཕུལ་བྱུང་གི་གླུ་གཞས་གང་མང་ལ་ལད་ཟློས་ནས་མགོ་བརྩམས་ཏེ་བརྩོན་པའི་རྒྱུན་བཟང་ཆད་མེད་དུ་བསྐྱངས། གྲོང་ཁྱེར་དེ་དག་ནས་གླུ་པ་གླུ་མ་རེ་གཉིས་ངོ་ཤེས་སུ་གྱུར་ཅིང་ཁོ་ཚོའི་རྩར་ནས་རོལ་མོའི་ཤེས་བྱ་ལ་རྒྱུས་ལོན་དང་གླུ་གཞས་ཡག་པོ་ཞིག་ཅི་ལྟར་ལེན་དགོས་པ་སོགས་ལ་སྐོམ་པས་ཆུ་འདོད་ལྟར་དུ་སྦྱོང་བ་གང་བཟང་བྱས། ལད་ཟློས་བྱས་པ་ནི་གང་ལ་འཇུག་པའི་སྔོན་འགྲོའི་གོམ་པ་དང་པོར་ལྟར་ཆགས་ཡོད་རྐྱེན་ཁོ་མོའི་གླུ་གཞས་ལ་ཕྱོགས་པའི་སྔོན་འགྲོའི་ཆ་རྐྱེན་དེའང་ཕུལ་བྱུང་གི་གླུ་པ་གླུ་མ་དག་གི་གླུ་གཞས་ལ་ལད་ཟློས་ཀྱིས་སྦྱོང་བ་བྱས་ཤིང་། ལད་ཟློས་དེས་ཁོ་མོའི་གླུ་གཞས་སྒྱུ་རྩལ་གྱི་ཕུགས་འདུན་འཚོལ་བར་བླ་ན་མེད་པའི་རོགས་དན་ཐོབ།

      ཞབས་ཞུའི་ལས་རིགས་ནས་ཐོབ་པའི་གླ་དངུལ་གང་འཚམས་རེ་སོག་ཚེ་དོན་མེད་འཕྲོ་བརླག་ཏུ་མ་བཏང་བར་བོད་ལྗོངས་སློབ་ཆེན་དང་སི་ཁྲོན་རོལ་དབྱངས་སློབ་གླིང་སོགས་ནས་གླུ་གཞས་ཆེད་མཁས་ཀྱི་དགེ་རྒན་བཙལ་ཏེ་གླུ་གཞས་ཆེད་ལས་ཀྱི་ཤེས་བྱའི་སྐོར་ལ་འབད་པ་ལྷུ་རུ་ལེན། གླུ་གཞས་ཀྱི་ཤེས་བྱ་གང་འཚམས་ཤིག་རང་རྒྱུད་ལ་འབྱོར་བ་དང་དེའི་ཕྱོགས་ལ་བརྩོན་པའི་རྒྱུན་བསྐྱངས་ཏེ་ཉིན་མཚན་དབྱེར་མེད་ངང་ཁོམ་སྐབས་ཀྱི་དུས་ཚོད་བེད་སྤྱད་དེ་རང་སྦྱོང་གིས་འབད་པས་རྒྱུན་བསྲིངས། དེ་ལྟར་བརྩོན་འགྲུས་ཅན་གྱིས་ལྕགས་དབྱུག་ཁབ་ཏུ་བརྡར་བའི་དཔེ་ལྟར་ཁོ་མོས་རང་ཉིད་ཀྱི་ལྷན་སྐྱེས་སྐད་ངག་སྙན་མོ་ལྐུག་ཏུ་མ་འཇུག་པར་མ་ཟད་ད་དུང་རྒྱ་བོད་སྐད་ཡིག་གཉིས་ལའང་རང་སྦྱོང་གི་རྒྱུན་བསྲིངས་བས་སྐད་ཡིག་གཉིས་ཀྱི་རྨང་གཞི་ཡང་ངེས་ཅན་རེ་རང་རྒྱུད་དུ་འབྱོར། ནམ་རྒྱུན་གཞན་གྱི་གླུ་གཞས་གང་མང་ངག་ནས་འགུག་བཞིན་གླུ་གཞས་སྟེགས་བུ་འགའ་རེར་བུད་པའི་གོ་སྐབས་ཐོབ་པས་བར་སྐབས་ཤིག་ན་ཁོ་མོའི་སྐད་ངག་ལ་ཀུན་གྱིས་གདེང་འཇོག་དང་ཡིད་ཆེས་ཐོབ། དེ་ལྟར་གཞན་གྱི་གླུ་གཞས་ལ་ལད་ཟློས་ནས་མགོ་བརྩམས་ཏེ་སྦྱོང་བ་བྱས་པས་རང་ཉིད་ཀྱིས་ཀྱང་གླུ་གཞས་དབྱངས་རྟ་རེ་འགའ་གསར་རྩོམ་ཐུབ་པ་བྱུང་ཞིང་། དེ་དག་གར་སྟེགས་གང་མང་ནས་གྲེ་འགྱུར་ངག་གི་དབྱངས་རྟར་དྲངས་པས་ཀུན་གྱིས་དགའ་བསུ་ཚད་མེད་བྱས་པས་མ་ཚད་ཤར་རྒྱལ་མོ་ཚ་བ་རོང་པའི་གླུ་མ་ཆུང་ཆུང་འདི་ལ་བོད་ཡུལ་ས་ཆ་སྟོད་སྨད་བར་གསུམ་གྱི་གླུ་གར་སྟེགས་བུ་གང་མང་གིས་རེ་སྒུག་བྱས།

ཚ་རོང་གླུ་ཡི་སྲས་མོ།༼ གླུ་མ་བསྟན་པ་དབང་མོ། ༽

      སྤྱི་ལོ༢༠༡༣ལོར་བོད་ལྗོངས་བརྙན་འཕྲིན་ཁང་གིས་ཕབ་བསྐྲུན་བྱས་པའི་བརྙན་ཐུང༼ རྨི་ལམ་གྱི་དྲན་པ༽ ཞེས་པར་འཁྲབ་སྟོན་ལ་ཞུགས་ཤིང་། སྤྱི་ལོ༢༠༡༤ལོར་བོད་ཀྱི་སྒྱུ་རྩལ་བ་གྲགས་ཅན་སྐུ་ཞབས་སྨན་བླ་སྐྱབས་ལགས་ཀྱི་གཞས་ཚིག་བརྩམས་ཆོས་དགོང་ཚོགས༼ འཛམ་གླིང་ཡང་རྩེ་ནས་ཤར་བའི་གསེར་གྱི་སྐར་ཚོམས༽ ཞེས་པར་ཞུགས་ཤིང་ཁོང་ཉིད་ཀྱིས་བྲིས་གནང་མཛད་པའི་ཆུང་འདྲིས་ཞེས་པའི་གླུ་གཞས་སྙན་མོ་ཞིག་དགོང་ཚོགས་དེའི་གར་སྟེགས་ནས་གྲེ་འགྱུར་ངག་གི་དབྱངས་རྟར་དྲངས་བས་ལྟད་མོ་བ་ཡོངས་ཀྱི་དགའ་བསུ་ཚད་མེད་ཐོབ་པས་མ་ཚད་དུས་རབས་འདིར་བོད་རྒྱལ་མོ་རོང་བའི་ས་ཆ་ནས་ཕ་སྐད་གླུ་མ་འདི་འདྲ་རེ་བྱུང་ཡོད་པར་གདེང་འཇོག་དང་རྒྱབ་སྐྱོར་ཚད་མེད་པ་ཐོབ། སྤྱི་ལོ༢༠༡༥ལོར་ཨ་མདོ་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་ལོ་སར་དགོང་ཚོགས་སུ་ཞུགས་ཤིང༼ རྒྱལ་མོ་ཚ་བ་རོང་པ༽ ཞེས་པའི་གླུ་གཞས་བབས་ཆགས་ཤིང་ལོ་རྒྱུས་ཀྱི་རིན་ཐང་མངོན་པར་མཐོ་བའི་སྙན་མོའི་གཞས་ཤིག་གངས་རིའི་ཕྱི་ནང་གཉིས་ཀྱི་རིགས་མཐུན་གྱི་སྤུན་ཟླ་ཡོངས་ཀྱི་ཡིད་སེམས་ཀྱི་དཔལ་དུ་ཕུལ་བས་རྒྱལ་མོ་ཚ་བ་རོང་ནས་འཚར་ལོངས་བྱུང་བའི་བོད་ཀྱི་གཞོན་སྐྱེས་གླུ་མ་བསྟན་པ་དབང་མོ་ཞེས་པའི་མིང་གི་སྙན་པའང༼ རྒྱལ་མོ་ཚ་བ་རོང་པའི ༽ དབྱངས་རྟ་དང་འགྲོགས་ནས་བོད་ཀྱི་ས་ཆེན་སྟོད་སྨད་བར་གསུམ་དུ་ཁྱབ། སྤྱི་ལོ༢༠༡༦ལོར་སྒྱུ་རྩལ་གྱི་ལམ་ཁ་ནས་ཡུན་རིང་བཙོ་སྦྱངས་བྱས་པའི་གླུ་གཞས་རྩེ་གྲ་དག་ཕྱོགས་བསྒྲིགས་བྱས་པའི་བརྩམས་ཆོས་བཅུ་གསུམ་གྱིས་གྲུབ་པའི་ཆེད་བསྒྲིགས་ཐོག་མ༼ རང་མདངས༽ ཞེས་པའི་ཟེར་སྡེར་པར་བསྐྲུན་བྱས་ཤིང་། ཁོ་མོའི་སྐད་ངག་ལས་ཐོན་པའི་སྙན་འཇེབས་ཀྱི་འགྱུར་ཁུག་རེ་རེ་ཉན་མཁན་ཁྲི་སྟོང་མང་པོའི་ཡིད་སེམས་ཀྱི་གསོས་སུ་སྨིན་ཤིང་གླུ་མ་བསྟན་པ་དབང་མོ་ཞེས་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་གར་སྟེགས་སྟེང་དུ་གོ་གནས་ངེས་ཅན་ཟིན་མཁན་ཞིག་ཏུ་གྱུར།

      སྔ་ཕྱིར་བོད་ལྗོངས་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་དང་བོད་ལྗོངས་ཡར་ཀླུང་གཙང་པོའི་གྲོག་རོང་རིག་གནས་ཀྱི་ཡུལ་སྐོར་དུས་ཆེན་གྱི་དགོང་ཚོགས། ཀན་ལྷོ་ཁུལ་ཤམ་བྷ་ལའི་རྨ་ཆུའི་སྐབས་དྲུག་པའི་གེ་སར་རྟ་རྒྱུག་འཁྲབ་ལེན་འདུ་འཛོམས། ཨ་མདོ་བརྙན་འཕྲིན་ཁང་དང་ཁམས་པའི་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས། ཀྲུང་དབྱང་བརྙན་འཕྲིན་ཁང་འཕྲིན་ལམ་གསུམ་པས་མི་དམངས་ཚོགས་ཁང་ཆེན་མོར་སྤེལ་བའི་རོལ་དབྱངས་འདུ་འཛོམས། ཧེ་ལུང་ཅང་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་སོགས་ཀྱི་གླུ་དབྱངས་འདུ་འཛོམས་སོགས་ནང་ལོགས་ཀྱི་གྲོང་ཁྱེར་ཆེ་ཁག་དང་བོད་ཡུལ་སྟོད་སྨད་བར་གསུམ་གྱི་གླུ་གར་སྟེགས་བུ་གང་མང་ནས་འཁྲབ་སྟོན་གྱི་ལས་ལ་ཞུགས་ཤིང་ལྟད་མོ་བ་ཁྲི་སྟོང་མང་པོར་སྒྱུ་རྩལ་གྱི་ཞིང་ཁམས་ནས་གླུ་ངག་གི་མཆོད་པ་གཙང་མ་ཕུལ་དང་འབུལ་བཞིན་ཡོད་པ་ལགས་སོ།།


  • ལེ་ཚན་སྔོན་མ།:བོད་ཀྱི་གཞོན་སྐྱེས་གླུ་མ་ཀླུ་མོ་མཚོའི་སྒྱུ་རྩལ་གྱི་གོམ་སྟབས།
  • ལེ་ཚན་རྗེས་མ།:ཚངས་དབྱངས་སྙན་པའི་གྲེ་འགྱུར་མངའ་བའི་བོད་ཀྱི་ན་གཞོན་གླུ་པ་ཞིག
  • དོ་སྣང་ཆེ་བའི་རྩོམ།