གཉན་པོ་གཡུ་རྩེའི་བུ་རྒྱུད་གླུ་བ་བསམ་ཁོ།

ཀླུ་ཤུལ་འཇིགས་མེད་ཀྱིས།        2014-09-26

གཉན་པོ་གཡུ་རྩེའི་བུ་རྒྱུད་གླུ་བ་བསམ་ཁོ།

བོད་ཀྱི་ན་གཞོན་གླུ་བ་བསམ་ཁོ་ལགས་ནི་ཨ་མདོ་རྔ་བ་རྫོང་གི་བོད་ཁྱིམ་དཀྱུས་མ་ཞིག་དུ་སྐྱེས་ཤིང་།ཆུང་དུས་ནས་གླུ་གར་སྒྱུ་རྩལ་ལ་སྤྲོ་བ་ལྡན་པར་མ་ཟད།སྐྱེས་གཟུགས་ལེགས་ཤིང་སྐད་ངག་སྙན་པ་སྟེ་སྐྱེས་ཐོབ་ཀྱི་ཡོད་ཏན་མཆོག་ཏུ་མངའ།2005ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གླུ་དབྱངས་དང་བྲོ་གར་གྱི་ཆེད་སྦྱོང་འཛིན་གྲྭ་ནས་སློབ་མཐར་ཕྱིན་ཏེ་མ་ཡུམ་སློབ་གྲྭ་རུ་དགེ་རྒན་གྱི་བྱ་བ་གཉེར། ཁོ་རང་རྒྱལ་ནང་གི་གླུ་གར་འགྲན་ཚོགས་ཆེ་གྲས་ཁག་ཏུ་ཐེངས་མང་པོར་ཞུགས་མྱངས་ལ།ཀྲུང་དབྱང་བརྙན་འཕྲིན་ཁང་དང་བོད་ཀྱི་ལོ་སར་དགོང་ཚོགས་སོགས་དགོང་ཚོགས་གང་མང་ལའང་ཞུགས་མྱངས།ད་དུང་ནོར་ཝེ་དང་ཧོ་ལན།ཐའེ་ཝན་ས་ཁུལ་སོགས་རྒྱལ་ཕྱི་ནང་གི་ས་ཆ་མང་པོར་ཕྱིན་ཏེ་གླུ་གཞས་འཁྲབ་སྟོན་བྱས་པས་རྒྱ་ཆེའི་ལྟད་མོ་བས་གདེང་འཇོག་ཀྱང་མི་དམན་པ་ཞིག་ཐོབ།2004ལོར་ཁོང་གིས་བོད་ཀྱི་སྲོལ་རྒྱུན་གླུ་དབྱངས་དང་དེང་རབས་གླུ་དབྱངས་ཀྱི་གྲུབ་ཆ་ལེགས་པོ་གཅིག་སྡུད་བྱས་ཏེ་གསར་རྩོམ་མཛད་པའི་བརྙན་འཁོར་ཐོག་མ་སྟེ《བོད་སྤོས།》ཞེས་པ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས་ཤིང་།དེ་ལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད་བརྙན་འཁོར་གྱི་འགྲེམ་སྤེལ་གྲངས་ཚད་ལོ་དེའི་ལྷོ་ནུབ་ས་ཁུལ་གྱི་ཨང་དང་པོར་སླེབས།2005ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྐར་འོད་འཚེར་ལམ་གྱི་གླུ་གཞས་འགྲན་ཚོགས་ལ་ཞུགས་ནས་ཨང་ལྔ་པ་དང་ལོ་དེའི་ཆེས་དགའ་བསུ་ཐོབ་པའི་གླུ་པའི་མཚན་སྙན་ཡང་ཐོབ།2014ལོར་བོད་ལྗོངས་གློག་འཕྲིན་གྱིས་གསར་སྤེལ་བྱས་པའི་བོད་རྒྱ་སྐད་གཉིས་ཀྱི་རིག་ནུས་ལག་འཕྲིན་ཐོག་མའི་གཟུགས་བརྙན་སྨྲ་ཚབ་པར་གདན་ཞུ་བྱས།
གླུ་བ་བསམ་ཁོ་ནི་ལྷག་བསམ་ལྡན་ལ་ནམ་ཡང་སྤྱི་ཕན་གྱི་ལས་ལ་རབ་དུ་མོས་པའི་དེང་རབས་ན་གཞོན་གླུ་བ་ཞིག་སྟེ།ཁོ་བོས་ཐབས་ལམ་གང་མང་བརྒྱུད་ནས་ཕ་ཡུལ་གྱི་དཀའ་ཁག་ཡོད་པའི་མང་ཚོགས་ལ་སྒོར་ཁྲི100ལྷག་གིས་རོགས་སྐྱོར་དངོས་རྫས་སྦྱིན་པ་དང་།སྦྱངས་འབྲས་བཟང་ཞིང་ཆ་རྐྱེན་ཞན་པའི་སློབ་མ10ལྷག་ལ་ཁ་གཏད་ཀྱི་རོགས་སྐྱོར་བྱས། གླུ་བ་བསམ་ཁོ་ནི་བོད་ཁུལ་དུ་མིང་གྲགས་ཆེ་བའི་ན་གཞོན་གླུ་བ་ཞིག་ཡིན་ལ།མིག་སྔར་མི་སྒེར་གྱི་ཆེད་བསྒྲིགས་བརྙན་འཁོར་གསུམ་ཕབ་བསྐྲུན་འགྲེམ་སྤེལ་གནང་ཡོད།བརྙན་འཁོར་གྱི་བརྗོད་དོན་གཙོ་བོ་ནི་ཁྱིམ་མིའི་བརྩེ་བ་དང་ཕོ་མོའི་བརྩེ་དུང་།དེ་མིན་ཁོར་ཡུག་སྲུང་སྐྱོབ་སོགས་ཡིན་པས་བོད་རྒྱ་མང་ཚོགས་ཀྱིས་དགའ་བསུ་མི་དམན་པ་ཐོབ་བཞིན་ཡོད་དོ།།
  • ལེ་ཚན་སྔོན་མ།:སྐད་ཀྱི་སྒྲ་གདངས་འབྲིང་བ་ཡི། །བུད་མེད་གླུ་མའི་མགྲིན་ངག་སྙན། ། ༼བོད་ཀྱི་གླུ་མ་འཇམ་དབྱངས་སྒྲོལ་མའི་སྐོར།༽
  • ལེ་ཚན་རྗེས་མ།:ཕ་སྐད་ཀྱི་གཞས་གདངས་གསེང་མཐོར་སྒྲོག་པའི་བོད་ཀྱི་གླུ་མ་སྒྲོན་པེ།
  • དོ་སྣང་ཆེ་བའི་རྩོམ།