དག་ཞིང་སེམས་ཀྱི་ཉི་ཟླ་རུ་ལྷན་དུ་འཛོམས།༼སེམས་ཀྱི་ཉི་ཟླའི་ཚན་སྡེབ་སྐོར་བཀོད་པ།༽

བཀྲ་ཤིས།        2014-03-19

དག་ཞིང་སེམས་ཀྱི་ཉི་ཟླ་རུ་ལྷན་དུ་འཛོམས།༼སེམས་ཀྱི་ཉི་ཟླའི་ཚན་སྡེབ་སྐོར་བཀོད་པ།༽
       སེམས་ཀྱི་ཉི་ཟླ་ཞེས་པ་ནི་འཇེམ་སི་ཞུས་ཨར་ཏུན་གྱིས༼ནུབ་པར་གྱུར་བའི་ཞིང་ཁམས༽ཅེས་པའི་བརྩམས་སྒྲུང་ནང་བཀོད་འབྲི་བྱེད་པའི་ཞི་འཇམ་བདེ་ལྡན་གྱི་གནས་མཆོག་ཅིག་ཡིན་ལ་རྗེས་སུ་ཡུན་ནན་གྱི་རྒྱལ་ཐང་ས་ཆ་ལ་ངོས་འཛིན་བྱས་པ་རེད། འདི་ན་བོད་རིགས་དང་ལི་སུའུ་རིགས། འཇང་རིགས། དབྱིས་རིགས། པའེ་རིགས། ཧུའེ་རིགས་སོགས་མི་རིགས་བཅུ་གསུམ་ཙམ་འདུས་སྡོད་བྱེད་ཡོད་ལ་ཁོང་ཚོས་ཞི་འཇམ་མཐུན་སྒྲིལ་གྱི་སྒོ་ནས་མི་རིགས་སོ་སོའི་འཚོ་བ་བྱེད་སྟངས་དང་རྒྱན་གོས། ཁང་པའི་འཛུགས་སྐྲུན། གཉེན་སྒྲིག་གོམས་སྲོལ་བཅས་རང་མཚན་ལྡན་པའི་ཡུལ་སྲོལ་གོམས་གཤིས་རྣམས་མ་ཉམས་རྒྱུན་འཛིན་བྱེད་ཡོད་པས་ཕྱི་ནང་ཀུན་གྱིས་མི་ཡུལ་གྱི་དག་ཞིང་། བདེ་ལྡན་གྱི་ཤམ་བྷ་ལ་ཞེས་སེམས་ཀྱིས་བསྒོམ་ཞིང་ངག་གིས་བསྟོད།

   གླུ་གར་གྱི་སྟེགས་བུ་ཆེ་མ་ཆུང་གསུམ་དུ་བོད་ཀྱི་གླུ་པ་དང་གླུ་མ་རྣམས་ཀྱིས་ངག་གི་སྒྱུ་རྩལ་དང་དབྱངས་ཀྱི་འགྱུར་ཁུག་ཅི་དགར་ངོམ་ཞིང་གང་དགར་རོལ་བའི་སྐབས་སུ་སྟག་ཤར་བཞི་ཡིས་གྲུབ་པའི་ཚན་སྡེབ་ཅིག་ལྟད་མོ་བ་རྣམས་ཀྱི་མཐོང་ལམ་དུ་མངོན། ཁོང་ཚོའི་བརྗིད་ཅིང་རྔམ་ལ་སྙན་ཞིང་འཇེབས་པའི་ངག་རྟ་དང་ཉམས་དགུས་ཕྱུག་པའི་གར་གྱི་སྟངས་སྟབས།གནའ་ཉམས་དོད་ཅིང་དམངས་སྲོལ་ཆགས་པའི་གླུ་གཞས་བཅས་ལ་ཚང་མས་ལྟ་མོས་ལ་ཉན་འདོད་པས་མིང་གི་གྲགས་པ་དུས་ཀྱི་འགྲོས་དང་རྒྱས་བཞིན་དོན་གྱི་འབྲས་བུ་དབྱར་གྱི་མཚོ་ལྟར་རྒྱས།
   ཁོང་ཚོ་ནི་སེམས་ཀྱི་ཉི་ཟླའི་ཚན་སྡེབ་སྟེ།དམངས་ཁྲོད་ཀྱི་སྒྲ་སྙན་དང་རྔ་དཀྲོལ་ལ་མཁས་པའི་བོད་པ་བློ་བཟང་ནོར་བུ་དང་།དམངས་ཁྲོད་ཀྱི་སྒྲ་སྙན་དང་པི་ཝང་རྒྱུད་དྲུག་མ་དཀྲོལ་བ་ལ་བྱང་པའི་བོད་པ་དམ་པ་ཀླུ་སྒྲུབ།ལི་སུའུ་རིགས་ཀྱི་དམངས་ཁྲོད་རོལ་ཆས་ལ་བྱང་ཞིང་གཞས་གདངས་སྡེབ་སྒྲོག་སྒྲིག་སྦྱོར་ལ་མཁས་པའི་ལི་སུའུ་པ་ཧྥེང་ཡུའེ་ཧུང་།ལི་སུའུ་རིགས་ཀྱི་དམངས་ཁྲོད་རོལ་ཆས་ལ་མཁས་པའི་ལི་སུའུ་པ་ཡུས་མིང་ཧུའེ་བཅས་མི་རིགས་མི་འདྲ་བ་གཉིས་ཀྱི་གླུ་པ་བཞི་ཡིས་གྲུབ་པའི་ཚན་སྡེབ་ཅིག་ལགས་པས་ཀུན་ལ་མཚར་བའི་སྣང་བ་སྐྱེས་མོད།སེམས་ཀྱི་ཉི་ཟླ་ནི་མི་རིགས་མང་པོ་འཛོམས་ལ་རིག་གནས་སྣ་མང་ལྡན་པའི་གནས་མཆོག་ཅིག་ཡིན་ཡང་སྐད་རིགས་མི་འདྲ་བ་དང་རིག་གནས་མི་འདྲ་བ་བར་འགལ་བ་མེད་པར་ཕན་ཚུན་སློབ་སྦྱོང་དང་རམ་འདེགས་བྱས་དང་བྱེད་བཞིན་ཡོད་པས་མི་གཅིག་གིས་མི་རིགས་གཉིས་གསུམ་གྱི་སྐད་ཡིག་ཤེས་པའང་རྒྱུན་ལྡན་ཞིག་ལགས།སེམས་ཀྱི་ཉི་ཟླའི་གླུ་པ་བཞི་པོ་ལའང་སྐད་རིགས་མི་འདྲ་བ་སྦྱོང་བའི་གོ་སྐབས་ལྡན་ལ་མི་རིགས་མི་འདྲ་བའི་གླུ་གར་ལའང་ལྷན་སྐྱེས་ཀྱི་བག་ཆགས་ལྡན་པ་མ་ཟད་སྦྱངས་སྟོབས་ཀྱི་བརྩོན་འགྲུས་ཀྱང་མ་ཞུམ་པར་བརྟེན་མ་བགྲོས་གཅིག་མཐུན་གྱིས་སྒྱུ་རྩལ་གྱི་ལམ་དུ་འགྲོ་བ་ལ་སྔོན་འགྲོའི་ཆ་རྐྱེན་བཟང་པོ་ཞིག་སྨིན།

དག་ཞིང་སེམས་ཀྱི་ཉི་ཟླ་རུ་ལྷན་དུ་འཛོམས།༼སེམས་ཀྱི་ཉི་ཟླའི་ཚན་སྡེབ་སྐོར་བཀོད་པ།༽

དེ་ཡང་སེམས་ཀྱི་ཉི་ཟླ་ཞེས་པའི་ཚན་སྡེབ་དེ་མ་འཛུགས་གོང་ལ་ཁོང་ཚོ་བཞི་པོ་ཡིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་གླུ་གར་ཁང་དུ་གླུ་པ་དང་བྲོ་པ་ཡི་འགན་གཅིག་ལྕོག་ཏུ་འཁུར་ཏེ་བདེ་ཆེན་ཁུལ་གྱི་ཡུལ་གྲུ་སོ་སོ་རུ་རིག་རྩལ་གྱི་འཁྲབ་སྟོན་གང་མང་མང་བྱས་ཏེ་ཡུལ་མི་སྤུན་ཟླ་རྣམས་ལ་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གླུ་གར་གྱི་ལྟད་མོ་བསྟན་པ་ལ་རྒན་གཞོན་དར་གསུམ་གྱིས་དགའ་བསུ་ཚད་མེད་བྱས་པ་མ་ཟད་མི་རིགས་ཀྱི་གླུ་གར་སྙན་རིས་ཆེན་མོ༼སེམས་ཀྱི་ཉི་ཟླ༽ཞེས་པ་ནང་བཞུགས་ཏེ་འཇར་མན་དང་ཨོ་སི་ཁྲུ་རི་ཡ་བཅས་རྒྱལ་ཁབ་ཏུ་འཁྲབ་སྟོན་བྱེད་པར་འགྲོ་མྱོང་།
   སྤྱི་ལོ༢༠༠༥ལོའི་ཟླ་བ༡༡པར་ཡུན་ནན་ཞིང་ཆེན་ན་གཞོན་གླུ་པའི་འགྲན་སྡུར་ཆེན་མོ་འགོ་ཚུགས་པའི་དུས་སུ།དུས་རྒྱུན་གླུ་ལེན་པར་དགའ་ཞིང་ཕན་ཚུན་བརྩེ་འདང་ཡང་ཟབ་པའི་ཁོང་བཞི་པོ་མཉམ་དུ་བསྡེབས་ཏེ་དེང་རབས་ཀྱི་གཞས་གདངས་སྡེབ་སྒྲོག་སྒྲིག་སྦྱོར་བྱེད་ཐབས་ལ་བརྟེན་ནས༼ཟླ་འོད་ཁྲོད་ཀྱི་མཚན་མོ༽ཞེས་པའི་དམངས་གླུ་དེ་ལེན་པར་ཚོད་ལྟ་བྱས།བསམ་ཡུལ་ལས་འདས་པ་ཞིག་ནི་གླུ་དེས་འགྲན་སྡུར་ཆེན་མོའི་ནང་ལ་མི་རིགས་ཚོ་ཆུང་ལས་གསེར་གྱི་རྟགས་མའི་བྱ་དགའ་བླངས་པས་མཉམ་སྡེབ་བྱས་ཏེ་མི་རིགས་ཀྱི་གླུ་དབྱངས་འཁྲབ་ལེན་བྱེད་པའི་ཡིད་ཆེས་སྐྱེས་ཏེ་བློ་མཐུན་གྱིས་གླུ་ཚིག་དང་གཞས་གདངས།འཁྲབ་སྟོན་དུས་སུ་གྱོན་རྒྱུའི་རྒྱན་གོས་སོགས་ཀྱི་ཐད་ལ་གྲོས་མོལ་བྱེད་བཞིན་དུ་འབད་པ་བྱས་པས་སྤྱི་ལོ༢༠༠༦ལོར་ཡུན་ནན་ཞིང་ཆེན་གྱི་ཚབ་བྱས་ཏེ་ཀྲུང་དབྱང་བརྙན་འཕྲིན་གྱི་ན་གཞོན་གླུ་པའི་འགྲན་སྡུར་ཆེན་མོ་ནང་ཞུགས་དུས་གསར་རྩོམ་དང་སྒྲིག་བཅོས་བྱེད་པའི་གླུ་༼སེམས་ཀྱི་ཉི་ཟླའི་མཛའ་གཞས༽ཞེས་པ་ལ་ཚན་སྡེབ་ཀྱི་རིགས་ནང་ཨང་གཉིས་པའི་བྱ་དགའ་ཐོབ།དུས་དེ་ནས་བཟུང་སེམས་ཀྱི་ཉི་ཟླའི་ཚན་སྡེབ་ཅེས་མདོ་དབུས་ཁམས་གསུམ་གྱི་ཕྱི་ནང་ཀུན་ཏུ་ཁྱབ་ལ་རི་མཐོན་པོ་ནས་བཞུར་བའི་གངས་ཆུའི་རྒྱུན་ལ་བར་ཆད་མེད་ཅིང་བཞུར་སྒྲ་སྙན་པོས་སེམས་ལྡན་གྱི་དབུགས་གསོས་པ་ལྟར་ཁོང་ཚོས་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་དེང་རབས་ཀྱི་རྒྱུ་ཆ་ཡང་འཛོམས་པའི་གླུ་གཞས༼མཛེས་སྡུག་གི་སེམས་ཀྱི་ཉི་ཟླ༽དང་།༼རི་རབ་ཁྲོད་ཀྱི་ཕོ་རྒོད།༽༼སྒྲོལ་མའི་ཕ་ཡུལ།༽༼རྣ་རྒྱན་འདོགས་པའི་བུ་མོ།༽་སོགས་སྔ་རྗེས་སུ་མི་ཡུལ་ལ་ཕུལ་བས་ཚང་མའི་ཡིད་ཀྱི་གསོས་སུ་གྱུར།
འདི་ན་བཤད་རིན་པ་ཞིག་ནི་ཁོང་ཚོས་མཉམ་དུ་མ་སྡེབ་གོང་ལ་བློ་བཟང་ནོར་བུ་ཡིས་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ན་གཞོན་གླུ་དབྱངས་འགྲན་བསྡུར་ནང་གསེར་གྱི་རྟགས་མའི་བྱ་དགའ་དང་སྐབས་དང་པོའི་ནུབ་བརྒྱུད་དམངས་གཞས་འགྲན་བསྡུར་ཆེན་མོའི་ནང་ཟངས་ཀྱི་རྟགས་མའི་བྱ་དགའ་སོགས་བླངས་ལ་ཧྥེང་ཡུའེ་ཧུང་གིས་ཡུན་ནན་གཞོན་ནུ་འཁྲབ་སྟོན་པའི་འགྲན་བསྡུར་ཆེན་མོའི་ནང་གསེར་གྱི་རྟགས་མའི་བྱ་དགའ་དང་། ཡུས་མིང་ཧུའེ་ཡིས་ཀྱང་སྐབས་གསུམ་པའི་ཀྲུང་གོའི་ལྷོ་བྱང་དམངས་གཞས་འགྲན་བསྡུར་ནང་དུ་དངུལ་གྱི་རྟགས་མའི་བྱ་དགའ་བླངས་མྱོང་ངོ།

དག་ཞིང་སེམས་ཀྱི་ཉི་ཟླ་རུ་ལྷན་དུ་འཛོམས།༼སེམས་ཀྱི་ཉི་ཟླའི་ཚན་སྡེབ་སྐོར་བཀོད་པ།༽

དེ་སྔོན་བརྙན་འཕྲིན་སོ་སོ་ལས་སེམས་ཀྱི་ཉི་ཟླའི་མཚན་སྡེབ་ཀྱི་འཁྲབ་སྟོན་མཐོང་བ་མ་གཏོགས་དངོས་སུ་ཐུག་འཕྲད་བྱུང་མ་མྱོང་ལ་བཅར་འདྲི་བྱེད་པའི་གོ་སྐབས་ནི་དེ་ལས་མེད་མོད།སྟབས་ལེགས་པ་ཞིག་ནི་༢༠༡༣ལོའི་ཟླ༡༠པར་སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ཆབ་མདོ་ལ་འཚོགས་པས་སྨྱུག་འཛིན་པའང་དེའི་ནང་ཞུགས་པའི་གོ་སྐབས་ཐོབ།སྒྱུ་རྩལ་དུས་ཆེན་ནང་དུ་ཁམས་པའི་ས་ཁུལ་གྱི་གླུ་པ་གླུ་མ་དང་བཅས་པའི་སྒྱུ་རྩལ་པ་མང་པོ་འཛོམས་འདུག་ལ་ཁུལ་སོ་སོའི་རིག་རྩལ་དགོངས་ཚོགས་ཡིན་ཡང་རུང་།ཐང་ཆེན་ཐོག་གི་འཁྲབ་སྟོན་ཡིན་ནའང་འདྲ།སེམས་ཀྱི་ཉི་ཟླའི་ཚན་སྡེབ་ནི་ལྟད་མོ་བ་ཀུན་གྱིས་ཆེས་དགའ་བསུ་ཞུ་བའི་གྲས་ཤིག་རེད།ཉིན་ཞིག་ལ་ཐང་ཆེན་ཐོག་གི་འཁྲབ་སྟོན་འགོ་མ་ཚུགས་ཀྱི་གོང་ལ་ང་ཆེད་དུ་ཁོང་ཚོས་འཁྲབ་སྟོན་གྲ་སྒྲིག་བྱེད་སའི་གུར་དུ་སོང་བ་ཡིན།གུར་ནང་འཛུལ་མ་ཐག་ངས་ཐོག་མར་མཐོང་བ་ནི་ཁོང་ཚོ་བཞི་པོས་འཁྲབ་ལེན་བྱེད་པ་ལ་གྲ་སྒྲིག་བྱེད་པའི་ཚུལ་རེད།ང་འགྲམ་དུ་བཅར་ཏེ་ང་ནི་ཁམས་པའི་བོད་ཡིག་ཚགས་པར་དང་ཁམས་པའི་དྲ་བའི་གསར་འགོད་པ་ཡིན།ཁྱེད་ཚོ་ལ་བཅར་འདྲི་ཉུང་ཙམ་ཞིག་བྱེད་ན་ཆོག་གམ་ཞེས་དྲིས་པ་ན་ཁོང་ཚོས་བཞི་པོས་མ་བགྲོས་གཅིག་མཐུན་གྱིས་ང་ཚོ་ནི་སེམས་ཀྱི་ཉི་ཟླའི་ཚན་སྡེབ་ཡིན།བཅར་འདྲི་བྱེད་ལོས་ཆོག་ཅེས་ང་ཚོ་ཁམས་པའི་ཕོ་སར་རྣམས་ཀྱི་སེམས་དྲང་ལ་ཁ་མགྱོགས་པའི་གཤིས་རྒྱུད་དེ་བསྟན་བྱུང་།དེ་ནི་ངས་ཁོང་ཚོ་ལ་སེམས་ཀྱི་ཉི་ཟླ་ཞེས་ཚན་སྡེབ་འདི་ཐོག་མར་འཛུགས་དུས་ཀྱི་དམིགས་ཡུལ་དང་ཚན་སྡེབ་གཞན་དང་མ་འདྲ་བའི་ཁྱད་ཆོས།རྗེས་སུའི་ཕུགས་རེ་སོགས་དྲི་བ་བཏོན་པ་ལ་གླུ་པ་དམ་པ་ཡིས་ཐོག་དང་པོར་་དམིགས་ཡུལ་ཆེན་པོ་ཞིག་ཅི་ཡང་མེད་པར་ང་ཚོ་བཞི་པོ་ནི་གླུ་ལེན་པར་དགའ་ཞིང་རང་རིགས་ཀྱི་དམངས་གཞས་དང་བཅས་པའི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ལ་མོས་པ་ཆེ་བས་སྟེས་དབང་གིས་མཉམ་དུ་འཛོམས་ཏེ་སྒྱུ་རྩལ་གྱི་ལམ་དུ་དུས་ནམ་ཡང་ལྷན་དུ་སྦྲེལ་བར་ཐུན་མོང་གི་མིང་དུ་སེམས་ཀྱི་ཉི་ཟླའི་ཚན་སྡེབ་ཅེས་བཏགས་པ་ཡིན།གཞན་དང་མ་འདྲ་བ་ཆེན་པོ་ཞིག་ཀྱང་མེད་ལ།གལ་སྲིད་ཡོད་པའི་དབང་དུ་བཏང་ན་ང་ཚོ་ནི་བོད་རིགས་གཉིས་དང་ལི་སུའུ་རིགས་གཉིས་བཅས་མི་རིགས་མི་འདྲ་བ་གཉིས་ལས་གྲུབ་པའི་ཚན་སྡེབ་ཅིག་ཡིན་པ་ན་ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ལྟར་ཕན་ཚུན་སློབ་སྦྱོང་དང་རམ་འདེགས་བྱེད་ཆོག་པས་མི་རིགས་མཐུན་སྒྲིལ་གྱི་ཚན་སྡེབ་ཅིག་ཡིན།ང་ཚོ་ལའང་ཕུགས་རེ་ཡོད་དེ།དེ་ནི་དམངས་ཁྲོད་ཀྱི་གླུ་གཞས་རྣམས་སྔོག་འདོན་དང་དེབ་རབས་ཀྱི་སྲོག་ཀྱང་ལྡན་པར་རྒྱུན་འཛིན་བྱས་ཤིང་སེམས་ཀྱི་ཉི་ཟླ་ཕྱི་རོལ་དུ་ཁྱབ་བསྒྲགས་བྱས་པ་མ་ཚད།རྒྱ་ཆེ་བའི་ཡུལ་མི་སྤུན་ཟླ་དང་གྲངས་ཉུང་མི་རིགས་ཀྱི་གླུ་གཞས་ལ་དགའ་པོ་ཡོད་མཁན་རྣམས་ལ་སེམས་ཀྱིས་གླུ་ལེན་ཞིང་སྲོག་གིས་གཞས་གཏོང་རྒྱུ་ཡིན་ཞེས་གསུངས།
རེད་ལགས།དམངས་ཁྲོད་ནི་སྒྱུ་རྩལ་གྱི་འགོ་ཁུངས་དང་མཐུན་སྒྲིལ་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པས་སེམས་ཀྱི་ཉི་ཟླའི་ཚན་སྡེབ་ལྟར་སྲིད་བཟང་གསེར་གྱི་ཉི་མ་གླུ་ཡིས་ལེན་ཞིང་ཆོས་བཟང་དུང་གི་ཟླ་བ་དབྱངས་ཀྱིས་བསྟོད་པའི་གླུ་པ་དང་གླུ་མ་རྣམས་ཀྱིས་ཕ་ཡུལ་གྱི་བརྩེ་ཞེན་མཁའ་རུ་འཕྱུར་བའི་སྨོན་ལམ་འདེབས།ཡུལ་མི་ཡི་དབུ་འཕང་དགུང་དུ་འདེགས་པའི་རེ་བ་ཞུ།།


  • ལེ་ཚན་སྔོན་མ།:ནག་ཆུ་རྩྭ་ཐང་ནས་མཆེད་པའི་གླུ་སྐད་སྙན་མོ།
  • ལེ་ཚན་རྗེས་མ།:ཁམས་རྒྱལ་ཐང་ནས་གྲགས་པའི་གསེར་གྱི་རྒྱ་གླིང་། ༼གླུ་མ་ཀརྨ་བཅིངས་འགྲོལ་སྒྲོལ་མ།༽
  • དོ་སྣང་ཆེ་བའི་རྩོམ།