ཡེ་ཤེས་ཀྱིས་བྲིས། 2019-05-10
ལོ་འདི་འགའི་རིང་ལ་ཀྲུང་གོའི་གླུ་གཞས་སྒྱུ་རྩལ་ལས་རིགས་ཀྱི་གྲས་སུ་སྙན་པའི་གྲགས་པ་ཁྱབ་པའི་དེང་རབས་བོད་ཀྱི་གླུ་བ་བཀྲ་ཤིས་ཕུན་ཚོགས་ནི1986ལོའི་སྤྱི་ཟླ་དང་པོའི་ཚེས1ཉིན་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་རུ་སྐྱེས་ཤིང་། དེང་སང་ཀྲུང་གོའི་བོད་རིགས་གླུ་བ་དང་སྒྱུ་རྩལ་དགེ་རྒན་གྱི་བྱ་བ་སྒྲུབ་བཞིན་ཡོད། ཁོ་ནི་བོད་རིགས་ཀྱི་གསར་དུ་འཚར་ལོངས་བྱུང་བའི་གླུ་པ་གྲགས་ཅན་ཞིག་ཡིན་པར་མ་ཟད། ཀྲུང་གོའི་སྐབས་གཉིས་པའི་གླུ་སྐད་གསར་པ་ཞེས་པའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་ཡང་ཡིན་པ་རེད།
སྒྱུ་རྩལ་ལམ་དུ་གོམ་སྟབས་ཐོག་མར་སྤོས།།སྐྱེས་ཐོབ་ཤེས་རབ་མྱུ་གུ་དེ་ནས་རྒྱས།།
2009ལོར་བཀྲ་ཤིས་ཕུན་ཚོགས་ཀྱིས་སློབ་ཆེན་ནང་སློབ་སྦྱོང་བྱེད་བཞིན་ཡོད་པའི་སྐབས་སུ་རོལ་དབྱངས་གསར་རྩོམ་ཚོད་ལྟ་བྱས་པ་ནས་བཟུང་སྒྱུ་རྩལ་གྱི་ཐང་ཆེན་དུ་གོམ་སྟབས་སྒྱུར་འགོ་བཙུགས། ལོ་གཅིག་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག ཉིན་གཅིག་འཆར་གཞི་འགྲུབ་མིན་ཞོགས་པར་ཐུག་ཅེས་པའི་དཔེ་ལྟར། ལོ་དེའི་ལོ་མགོར་གཞིས་རྩེ་གྲོང་ཁྱེར་གྱི་བོད་ཀྱི་ལོ་སར་དགོངས་ཚོགས་འཁྲབ་སྟོན་ནང་ཞུགས་ནས་ཁོ་རང་ཉིད་ཀྱིས་གསར་རྩོམ་བྱས་པའི《བློས་ཐུབ་ཀྱི་གྲོགས་པོ》ཞེས་པ་དེ་ཐེངས་དང་པོར་གར་སྟེགས་བརྒྱུད་ནས་ལྟད་མོ་བ་ཚོའི་རྣ་ལམ་དུ་ཐོས་པ་རེད། དུས་རབས་ཀྱི་འཕེལ་རིམ་དང་བོད་རིགས་ཀྱི་སྤྱང་གྲུང་བློ་སྟོབས་མཚོན་པའི་གླུ་དབྱངས་འདི་སྙན་འཇེབས་ཀྱི་སྐད་གསང་བརྒྱུད་ནས་དགོང་ཚོགས་དེའི་གར་སྟེགས་ནས་གྲེ་འགྱུར་ངག་གི་དབྱངས་རྟར་དྲངས་བས་ལྟད་མོ་བ་ཡོངས་ཀྱི་དགའ་བསུ་ཚད་མེད་ཐོབ་པ་རེད། རྗེས་སུ་ཁོས་གཞིས་རྩེ་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་གི་རང་བྱུང་ཚན་རིག་ཚན་ཁག་གི་དགེ་རྒན་གྱི་བྱ་བ་བསྒྲུབས་ནས་རྩིས་རིག་དང་དངོས་ལུགས། རྫས་འགྱུར་བཅས་བསླབ་རྒྱུའི་ལས་འགན་འཁུར་ཡོད་པ་རེད།
2013ལོར་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྩེ་གྲའི་གླུ་བ་བཅུ་གདམས་གསེས་ཀྱི་འགྲན་བསྡུར་ནང་ཞུགས་ནས་བྱ་དགའ་ཨང་དང་པོ་བླངས། 2014ལོར་ཡང་བསྐྱར་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྩེ་གྲའི་གླུ་བ་བཅུ་གདམས་གསེས་ཀྱི་འགྲན་བསྡུར་ནང་ཞུགས་ཏེ་བྱ་དགའ་ཨང་གཉིས་པ་བླངས། ལོ་དེར་ད་དུང་སྐབས་དང་པོའི་ཇོ་མོ་གླང་མའི་རླབས་སྒྲ་ཞེས་པའི་གླུ་བ་འགྲན་བསྡུར་ནང་ཞུགས་ནས་བྱ་དགའ་ཨང་དང་པོ་བླངས། 2016ལོར་ཇོ་མོ་གླང་མའི་རླབས་སྒྲ་ཞེས་པའི་གཞིས་རྩེ་ཡུལ་སྐོར་དྲིལ་བསྒྲགས་གླུ་གཞས་རྒྱལ་ཡོངས་དྲྭ་ལམ་གླུ་བའི་འགྲན་བསྡུར་ནང་ཞུགས་ཏེ་ཁོས་གླུ་དབྱངས་ཤིག་སྙན་འཇེབས་ཀྱི་ངག་ལ་བཀུག་པས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་ཡིད་ཀྱི་དང་བ་རབ་ཏུ་དྲངས་པས་མཐའ་བསྡུར་གྱི་ཨང་དང་པོ་ཐོབ་པས་བཀྲ་ཤིས་ཕུན་ཚོགས་ཞེས་པའི་མཚན་གྱི་སྙན་པ་ཡང་སྐབས་དེ་ཤེད་ཅིག་ནས་གྲགས་པའི་འགོ་ཚུགས། དེ་ནས་བཟུང་དངོས་སུ་སྒྱུ་རྩལ་འཁྲབ་སྟོན་གྱི་ཁྱབ་ཁོངས་སུ་ཞུགས། ལོར་དེར་མི་སྒེར་གྱི《རྨི་ལམ་དུ་འཚོལ་བའི་ཐང་སྟོང་རྒྱལ་པོ》ཞེས་པའི་ཆེད་བསྒྲིགས་རྐྱང་གཞས་འགྲེམས་སྤེལ་བྱས་པ་རེད། 2017ལོར་ཀྲེ་ཅང་བརྙན་འཕྲིན་ཁང་གི་གླུ་ལེན་ལེགས་འདེམ་ལེ་ཚན་ཏེ་ཀྲུང་གོའི་གླུ་སྐད་གསར་བའི་ལེ་ཚན་གཉིས་པར་ཞུགས་ཏེ་རྒྱལ་ཡོངས་གྲོང་ཁྱེར་གྱི་ལེགས་འདེམ་བྱ་འགུལ་ཁྲོད་བོད་ལྗོངས་འགྲན་ཁུལ་རྟིང་མའི་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ་བླངས། 2017ལོའི་སྤྱི་ཟླ10པའི་ཚེས8ཉིན། ཛ་དྲག་གི་འགྲན་བསྡུར་རབ་དང་རིམ་པར་བརྒྱུད་མཐར། ལིའུ་ཧོན་རུ་ཁག་གི་ཨང་དང་པོ་དང་ཁོ་རང་ཉིད་ཀྱིས་གསར་རྩོམ་བྱས་པའི《ཨ་མའི་ཕྱག་ཟུང》ཞེས་པའི་གླུ་དབྱངས་དེ་ཀྲུང་གོའི་གླུ་སྐད་གསར་པ་ལེ་ཚན་གཉིས་པའི་རྒྱལ་ཡོངས་ཀྱི་མཐའ་བསྡུར་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས་པ་དང་། ལྟད་མོ་བའི་ཆེས་དགའ་བསུ་ཐོབ་པའི་གླུ་བ་ཞིག་ཏུ་གྱུར་པར་མ་ཟད། འགྲན་བསྡུར་དེ་རིགས་ནང་བྱ་དགའ་ཨང་དང་པོ་ལོན་མཁན་གྱི་བོད་རིགས་གླུ་བ་ཐོག་མར་གྱུར་པ་རེད།
དཀའ་སྤྱད་བརྩོན་པ་ཆུ་བོའི་རྒྱུན་དང་འགྲོགས།། སྙན་པའི་གྲགས་པ་ཕྱོགས་མཚམས་ཀུན་ལ་འབར།།
2017ལོའི་སྤྱི་ཟླ12པར། CCTV3མཉམ་འགུལ་རིགས་ཀྱི་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན《ང་རང་ལོ་སར་དགོང་ཚོགས་སུ་ཞུགས་རྒྱུ་ཡིན》ཞེས་པའི་བརྙན་འཕྲིན་ལེ་ཚན་ནང་ཞུགས་ཏེ《དཔྱིད་གསར》ཞེས་པའི་གླུ་གཞས་ལ་ཐད་ཀར་དགོང་ཚོགས་སུ་ཞུགས་ཆོག་པའི་གདན་འདྲེན་བྱང་བུ་ཐོབ། 2018ལོའི་སྤྱི་ཟླ4བའི་ཚེས10ཉིན། མི་སྒེར་རང་ཉིད་ཀྱི་རྐྱང་གཞས《དུས་ཚིགས》ཞེས་པ་འགྲེམས་སྤེལ་བྱས།2018ལོའི་སྤྱི་ཟླ5བའི་ཚེས4ཉིན། མི་སྒེར་རང་ཉིད་ཀྱི་རྐྱང་གཞས《གཅིག་འདྲ》ཞེས་པ་འགྲེམས་སྤེལ་བྱས། 2017ལོའི་སྤྱི་ཟླ7པའི་ཚེས12ཉིན། མཉམ་ལེན་གྱི་རྐྱང་གཞས《རྨི་ལམ་གྱི་ཁ་ཕྱོགས》ཞེས་པ་བླངས་པར་མ་ཟད། ཀྲེ་ཅང་བརྙན་འཕྲིན་ཁང་གི་གླུ་ལེན་ལེགས་འདེམ་ལེ་ཚན《ཀྲུང་གོའི་གླུ་སྐད་སྙན་མོ2018》ཞེས་པའི་གླུ་གཞས་གྲས་སུ་བདམས། 2017ལོའི་སྤྱི་ཟླ8པའི་ཚེས8ཉིན། ཧྲང་ཧའེ་རུ་སྤེལ་བའི“ཁྱེད་དང་མཉམ་དུ”ཞེས་པའི་གླུ་གཞས་སྤྲོ་ཚོགས་བཅས་མང་པོར་ཞུགས་ཡོད་པར་བརྟེན། ཁོའི་འཁྲབ་སྟོན་བརྒྱུད་རིམ་ནི་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན་པ་རེད།
ཁོའི་བརྩམས་ཆོས་གཙོ་བོ་ནི།《བློས་ཐུབ་ཀྱི་གྲོགས་པོ》《ཁྱེད་དང་མཉམ་དུ་ཇོ་མོ་གླང་མར་མཇལ་དུ་འགྲོ》《ཆུ་བོ་འབྱུང་ཡུལ་དུ་ལྷན་འཛོམས་བྱེད》《ཕ་ཡུལ》《རྨི་ལམ་དུ་འཚོལ་བའི་ཐང་སྟོང་རྒྱལ་པོ》《ཨ་མའི་ཕྱག་ཟུང》《དུས་རབས་གསར་པ》《དུས་ཚིགས》《གཅིག་འདྲ》ཅེས་རིགས་འདྲ་མིན་སྣ་ཚོགས་ཀྱི་གླུ་གཞས་ཧ་ཅང་མང་པོ་འགྲེམས་སྤེལ་བྱས་ཡོད་པ་རེད།
བཀྲ་ཤིས་ཕུན་ཚོགས་རྒྱུན་དུས་འཚོ་བའི་ཁྲོད་ཆང་འཐུང་རྒྱུར་མི་དགའ་ཞིང་། ཐ་མག་ཡང་མི་འཐེན་པ། རྒྱུན་དུས་ཁོམ་པ་ཡོད་དུས་གླུ་དབྱངས་ལ་ཞིབ་འཇུག་བྱེད་པ་རེད། 2017ལོའི་སྤྱི་ཟླ10པའི་ཚེས19ཉིན། བཀྲ་ཤིས་ཕུན་ཚོགས་དང་ཧའོ་ཏན་ཏན། ཀྲེན་སེན། ཅི་ཞིང་། ལུའུ་པིན་ཆི་སོགས་ཐུན་མོང་གིས“ ཚོགས་ཆེན་བཅུ་དགུ་པའི” སྤྱི་ཕན་གླུ་དབྱངས《དུས་རབས་གསར་པ》ཞེས་པའི་གླུ་ཞིག་གསར་རྩོམ་བྱས་ཡོད་ལ། རྗེས་སུ་ཁོ་རང་རིམ་བཞིན་མེ་གསོད་མེ་འགོག་དྲིལ་བསྒྲགས་སྐོར་གྱི་སྤྱི་ཕན་ཕོ་ཉ་གྲགས་ཅན་ཞིག་ཏུ་གྱུར། བོད་ལྗོངས་ཀྱི་ས་ཆ་ཡོངས་ལ་བསྐྱོད་དེ་ཡུལ་དེའི་མེ་གསོད་ལས་ཁུངས་དང་མཉམ་དུ་ཁྱོན་ཡོངས་ནས“དམངས་ཡོངས་ཀྱི་མེ་འགོག” བྱེད་སྒོ་ལ་སྐུལ་འདེད་བཏང་བ་རེད།
སྤྱི་ཟླ11ཚེས6ཉིན། བཀྲ་ཤིས་ཕུན་ཚོགས་ཀྱིས“ ཀྲུང་གོའི་གླུ་སྐད་གསར་པའི” སྒྱུ་རྩལ་པ་ཡོངས་ཀྱི་འཐུས་ཚབ་བྱས་ཏེ་སྤྱི་ཕན་རིག་གནས་ཡུལ་སྐོར་གྱི་ཕོ་ཉའི་མཚན་སྙན་ཐོབ་ཡོད། མ་ཟད་སྤྱི་ཕན་རིག་གནས་ཡུལ་སྐོར་གྱི་ཕོ་ཉའི་ལམ་ཚད་རྡོ་རིང་ཞིག་བཙུགས་ཡོད་པ་རེད།
ཁོ་ནི་ཆུང་དུས་ནས་གླུ་གར་སྒྱུ་རྩལ་ལ་སྤྲོ་བ་ལྡན་པར་མ་ཟད། བྱད་གཟུགས་ཡག་ལ་སྐད་ངག་སྙན་པའི་སྐྱེས་ཐོབ་ཀྱི་ཡོད་ཏན་མཆོག་ཏུ་མངའ། སློབ་འབྲིང་གི་དགེ་རྒན་གྱི་བྱ་བ་གཉེར་བཞིན་པའི་སྐབས་ཁོ་རང་རྩིས་རིག་དང་དངོས་ལུགས། རྫས་འགྱུར་སློབ་ཁྲིད་བཅས་ལ་མཁས་པའི་གྲས་སུ་གནས། ཁོ་ནི་སྨྲ་བ་མི་མཁས་ཀྱང་ཁེངས་དྲེགས་ཀྱིས་མགོ་བོ་མི་འཐོམ་པར་རང་ཚོད་རང་གིས་བཟུང་བ་ཞིག་ཡིན་ལ། གཤིས་བཟང་། བབ་ཆགས། གུས་ལྡན། གཤིས་འཇམ། ལྷག་བསམ་ལྡན་བཅས་ལ་ནམ་ཡང་སྤྱི་ཕན་གྱི་ལས་ལ་རབ་ཏུ་མོས་པའི་དེང་རབས་ན་གཞོན་གླུ་བ་ཞིག་སྟེ། ཁོས་ཐབས་ལམ་གང་མང་བརྒྱུད་ནས་བོད་སྐད་ཀྱི་དུས་རབས་ཀྱི་འགྲོས་དང་མཐུན་པའི་བོད་གླུ་མང་པོ་འགྲེམས་སྤེལ་བྱས་ཡོད། ཁོས་གླུ་ཞིག་ལེན་ན་མི་རྣམས་ལ་སེམས་ཁམས་སྐྱིད་པོ་འབྱུང་བ་དང་། དཔྱིད་ཀྱི་དཔལ་ཡོན་ལ་ཉམས་སུ་མྱོང་བའི་ངོ་མཚར་བཏོན་ཐུབ། “ ཀྲུང་གོའི་གླུ་སྐད་གསར་པ་ལེ་ཚན་གཉིས་པ་ཁྲོད་དུ་བཀྲ་ཤིས་ཕུན་ཚོགས་ཀྱིས་བོད་སྐད་དང་པོའི“མཚེའུ་ངོས” ཞེས་པའི་གླུ་ཞིག་བླངས་ནས་ཚོགས་ར་ཡོངས་ཀྱི་མི་རྣམས་ཀྱི་ཡིད་དབང་འཕྲོག་པ་དང་། ཁོའི་སྐད་གསང་མཐོ་བའི་སྐད་ངག་གི་ཡངས་ཤིང་རྒྱ་ཆེ་བའི་མཛེས་སྡུག་ཞིང་ཁམས་ཞིག་བསྐྲུན་པ་དང་འདྲ། ཉན་མཁན་ཚོར་མཚོ་བོད་མཐོ་སྒང་གི་མཁའ་དབྱིངས་གཡའ་དག་པ་དང་ཆུ་མོ་དྭངས་ཤིང་གཙང་བའི་སར་སླེབས་པའི་ཚོར་སྣང་ཤར་དུ་བཅུག
བཀྲ་ཤིས་ཕུན་ཚོགས་ལ་བོད་རང་ཉིད་རིགས་ཀྱི་ལྷན་སྐྱེས་སྐད་ངག་བདེ་མོ་ཞིག་ཡོད་པར་མ་ཟད། རིགས་འདྲ་མིན་སྣ་ཚོགས་ཀྱི་གླུ་གཞས་འཁྲབ་སྟོན་ལ་མཁས་པ་དང་། འཛམ་གླིང་གི་རོལ་དབྱངས་དངRAP བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་གར་སྟེགས་སུ་རྩེན་བཞིན་ཡོད། ཁོའི་གླུ་དབྱངས《དུས་ཚིགས》ཞེས་པ་དེའི་ནང་ན་ཚང་མར་ཐུན་མོང་མ་ཡིན་པའི་གསར་རྩོམ་གྱི་སྟོབས་ཤུགས་ཤིག་བྱིན་པ་དང་རྩྭ་ཐང་ལྟར་ཡངས་ཤིང་རྒྱ་ཆེ་བའི་སེམས་ཁམས་མྱོང་ཚོར་བྱེད་ཐུབ། མ་འོངས་པར་ཁ་ཕྱོགས་པའི་ཚེ། བཀྲ་ཤིས་ཕུན་ཚོགས་ཀྱིས་དུས་རབས་ཀྱི་འཕར་རྩ་འགུལ་ས་ཚོར་ཞིང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་ཕྱུག་པའི་རོལ་དབྱངས་བརྩམས་ཆོས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཛམ་གླིང་གི་མི་རྣམས་ཀྱི་སྙན་ལམ་དུ་འབུལ་བར་ངེས་པ་དང་སྤྱི་ཕན་བྱ་གཞག་གི་འོད་ཟེར་ཡང་རིས་མེད་འཕྲོ་བར་ངེས་སོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10