《རྒུད》 བཀླགས་པའི་མྱོང་ཚོར།

༼ཁྱུང་མཆུ། ལྗང་སྨྱུག།༽        2025-09-20

    དེབ་འདི་ནི་མཱ་པུའུ་ཧྥུང་གིས་བོད་ཀྱི་ཚོ་བ་གསུམ་ཇི་ལྟར་རྩ་མེད་བྱས་ཚུལ་དང་གཡོ་ཐབས་ལ་ཅི་ལྟར་བརྟེན་པ། དམར་གསོད་དང་བརྙས་བཅོས་བྱས་ཚུལ་སོགས་རྒྱབ་ལྗོངས་བྱས་ནས་རྩོམ་པ་པོ་གྲགས་ཅན་རྒན་སྟག་འབུམ་རྒྱལ་ལགས་ཀྱིས་སྒྲུང་གཏམ་གྱི་ལམ་ནས་བྲིས་པ་ཞིག་རེད།    ཚོ་བ་དེ་གསུམ་སྔོན་ཆད་སྐུ་ལྷ་གཡག་རྒྱལ་ཞེས་པའི་རྒྱལ་བོ་ཞིག་གི་བུ་གསུམ་ཡིན་ཞིང་། སྤྱང་ཚ་དང་གླིང་ཚ། གསེར་ཚ་གསུམ་ཆགས་ཤིང་སྐྱིད་ལ་མཉམ་རོལ་དང་དགྲ་ལ་མཉམ་སྡང་བྱེད་བཞིན་ཚོ་བ་གསུམ་ག་ཞོ་ལྟར་ཆགས་ཡོད་མོད། རྒྱ་ནག་གོང་མས་དེ་གསུམ་དབང་དུ་བསྒྱུར་ཆེད་ཚོ་དཔོན་གསུམ་པོར་སྟོང་དཔོན་གྱི་ཆོ་ལོ་བསྩལ་ཞིང་ས་མཚམས་ཆུ་མཚམས་དབྱེ་སྟེ་དོན་དག་མཐའ་དག་ཟི་ལིང་སྐུ་ཚབ་ཀྱིས་ཐག་གཅོད་པར་བྱས་པས་རིམ་བཞིན་ཚོ་བ་བར་དུ་མི་འདོད་པའི་གཏམ་རྒྱུད་སྣ་མང་བྱུང་བ་རེད།


    གཏམ་རྒྱུད་འདི་ནི་སྤྱང་ཚ་དང་གསེར་ཚ་གཉིས་ཀས་མཚམས་རེར་ས་རྩོད་ཆུ་རྩོད་རེ་བྱས་པ་ལས་མགོ་བརྩམས་ཤིང་། སྤྱང་ཚའི་སྟོང་དཔོན་ཉི་བཟང་དང་སྲས་གཡུ་རྩེ་སོགས་སྐུ་འབུམ་དུ་འགྲོ་བར་ཁ་གཡར་ནས་མཚོན་ཆ་སྤུས་ལེགས་ཉོ་བར་སོང་ནས་ཕྱིར་ལོག་དུས་ཀྲུའུ་ཞིས་ཁེ་པ་མཱ་ནེ་ཟེར་བ་ཞིག་རྩྭ་ཐང་དུ་སོང་ནས་ཞོ་སོགས་འཐུང་འདོད་ཡོད་པར་ཁ་གཡར་ནས་མངག་པ་རེད། རིམ་གྱིས་གསེར་ཚ་དང་སྤྱང་ཚ་གཉིས་ཀས་འཁྲུག་རྩོད་བྱས་ཤིང་། ཐེངས་ཤིང་ལ་ཁེ་པ་མཱ་ནེས་གཡོ་ཐབས་དང་གཡོ་ཇུས་ལ་བརྟེན་ནས་གཡུ་རྩེས་མདུན་མཆོང་བྱས་པས་གསེར་ཚའི་སྦས་སྐུང་དམག་གིས་བསད་པ་རེད། དེ་ནས་བཟུང་ཚོ་བ་གཉིས་ཀྱི་ཤ་འཁོན་ཇེ་ཆེ་རུ་གྱུར་ཞིང་རྩོད་གཞིའང་ཇེ་རྙོག་ཏུ་གྱུར་བ་རེད།

     སྐབས་དེའི་མཱ་ཚང་གི་གཡོ་ཇུས་དང་གདུག་རྩུབ་ནི་དངོས་གནས་འཇིགས་སུ་རུང་ཞིང་སྐྱི་གཡའ་བ་ཞིག་རེད། གཅིག། སྔོན་དུ་བཤད་པ་ནང་ལྟར་གསེར་ཚ་དང་སྤྱང་གཉིས་ཀ་ས་རྩོད་ལ་གཟུ་བར་ཡོང་བ། དོན་གནས་གསེར་ཚའི་སྟོབས་ཤུགས་བཀུག་ནས་སྤྱང་ཚ་རྩ་མེད་གཏོང་བསམ་པ་རེད། གཉིས། གཉེར་པའི་བུ་ཨ་ལགས་ཆོས་དབྱངས་ཚང་གི་ཡང་སྤྲུལ་ཡིན་པ་ངོས་བཟུང་རྗེས་མཱ་ཚང་གིས་གཡོ་ཐབས་ལ་བརྟེན་ནས་གཉེར་བ་ཁྱིམ་མི་གང་བོ་ཁྲིད་ཅིང་མཐར་ཚང་མ་བཙོན་དུ་བཅུག་པ་རེད། སྤྲུལ་སྐུའི་ཡུམ་ནད་ཡམས་ཀྱིས་ཤི་ཞིང་ཡབ་ལོ་དུ་མ་བཟུང་ནས་མངག་མོད། སྤྲུལ་བཙོན་བཅུག་པ་རེད། གསུམ། ཚེ་ལོ་དང་རིན་ཆེན། ནོར་འབུམ་སོགས་ཀྱིས་གསེར་ཚ་ཚང་གི་རྟ་ནོར་བརྐུས་པར་ཁ་གཡར་བར་མ་ཟད། ཁོ་ཚོ་སྤྲད་ན་ཅི་ཡང་མི་བྱེད་པར་ཁས་བླངས་མོད། རྒན་པོ་དག་གིས་གསར་པ་འགའ་ལ་ནོར་འབུམ་འགྲིལ་བུ་ལྟར་བཀྱིགས་ནས་སྤྲད་ཀྱང་མཐར་དེ་ཚང་དང་རུ་སྐོར། སྒོ་ཁྱི་སོགས་ལྷག་ལུས་མེད་པར་དམར་གསོད་ཆེན་པོ་བྱས་ཤིང་། ལོ་ན་ཕྲ་བའི་བུ་མོ་ཆུང་ཆུང་དག་ལ་བརྙས་བཅོས་བྱས་ཤིང་། ཐ་ན་ནོར་འབུམ་གྱི་ནུ་མོ་ཞ་བོ་ཞིག་ཡོད་པའང་བརྙས་བཅོས་བྱས་ནས་མཇུག་ཏུ་ལུས་སྒྲེན་པོ་ངང་བསད་པ་རེད། ནོར་འབུམ་གྱི་མིག་ཟུང་བྲུས་ཤིང་དཔྲལ་བར་མེ་མདའ་བརྒྱབ་ནས་སྟེ་ཀླད་བཀོག་འདུག། བཞི། མཱ་ཚང་སྔ་མོར་ཆས་ཀྱིས་གསོས་ཀྱང་ཕྱི་དྲོར་འཕྲ་ཡིས་འཇལ་བའི་དུད་འགྲོ་ལས་ཀྱང་སྡུག་པ་ཞིག་རེད། སྔོན་གླིང་ཚ་དང་གསེར་ཚ་གཉིས་ཀྱིས་དམག་དྲང་རོགས་བྱས་གུང་དམག་འདུལ་བར་ཆས་པར་མ་ཟད། སྔ་གཞུག་ཀུན་ཏུ་དོན་དག་མང་པོ་སྒྲུབ་རོགས་བྱས་མོད། མཐར་འཕྲོག་བཅོམ་གསོད་གསུམ་གང་སར་སྤེལ་ནས་གླིང་ཚའི་ཁྱིམ་ཚང་ཞིག་ཀྱང་ཤུལ་མེད་དུ་རྩ་རྫོགས་བྱས་པ་རེད། ལྔ། ཨ་ལགས་ཚང་གདན་འདྲེན་བྱས་ཏེ་ཞི་དྲག་གིས་ཐབས་ལ་བརྟེན་ནས་གསེར་ཚ་ཚང་གི་ཡང་སྤྲུལ་ཁོ་ཚོས་བཙལ་བ་ཁས་ལེན་དུ་བཅུག་མོད། ཁོང་ཁ་མ་ཉན་པས་ཕྱིར་ལ་མངག་ཁུལ་བྱས་ནས་དམག་དག་ཇག་དམག་ལ་བརྫུས་ནས་ཨ་ལགས་ཚང་དམར་གསོད་བྱས་པ་རེད། དྲུག། སྤྱང་ཚའི་སྟོང་དཔོན་ཉི་བཟང་སོགས་མཇལ་སྐོར་དུ་འགྲོ་དུས་རྨ་ཆུའི་འགྲམ་ངོགས་ནས་བཀག་སྟེ་གསོལ་སྟོན་བྱས་པར་ཁ་གཡར་ནས་སྤྱང་ཚ་དང་གསེར་ཚ་དགོན་བདག་གཅིག་བྱེད་པར་གདམ་ཡང་སྟོང་དཔོན་དེ་ལ་མ་འཐད་པས་ཁེ་པ་མཱ་ནེས་བཙན་གྱིས་ཤེལ་དེམ་གྱི་མཆུ་ཁ་ནང་དུ་བཙུད་ནས་བླུགས་ཤིང་སྟོང་དཔོན་བཟི་བོར་གྱུར་རྗེས་གཡས་གཡོན་ནས་སྐྱོར་ཏེ་རྨ་ཆུའི་འགྲམ་དུ་སོང་ནས་བསད་པ་རེད། དཔོན་མོ་མ་སྨད་དང་ཀུན་སྐྱིད་བཅས་བརྙས་བཅོས་ལ་གཡོལ་ཆེད་རྨ་ཆུར་ལྕེབས་ནས་རང་སྲོག་བཅད་པ་རེད།


     སྐབས་དེའི་ནང་བཙོང་བྱས་པའི་གནས་ཚུལ་མདོ་ཙམ། གཅིག། སྤྱང་ཚ་སྟོང་དཔོན་ཚང་གི་གཉེར་བས་བུ་སྲུང་སྐྱོབ་བྱེད་ཆེད་དུ་མཱ་ཚང་ལ་མགོ་བཏགས་མོད་མཐར་བཙོན་དུ་བཅུག་ཅིང་ཆུང་མ་ནད་ཡམས་ཀྱིས་ཤི་ཞིང་ཁོ་ཉིད་བཙོན་ལ་བསྡུས་ཤིང་། བུ་གཏན་དུ་ཕྱིར་མ་ཕུད། གཉིས། གསེར་ཚ་ཚང་གི་དཔོན་ཕྲུག་བན་དེ་བྱམས་ནི་མཱ་ཇག་ཚང་གི་རྒྱུག་ཁྱི་ངོ་མར་གྱུར་བས་གསེར་ཚའི་སྟོང་དཔོན་ཡང་དེར་སེམས་ནད་བྱས་ནས་ཤི་བ། གསུམ། སྤྱན་ཚའི་རིན་ཆེན་གྱིས་ཀྱང་ནང་བཙོང་བྱས་ནས་སྟོང་དཔོན་སོགས་གཡོ་འཚོང་བྱས་པ། དེབ་འདི་ནི་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་མཚོན་ཡོད་ཅིང་། མཱ་ཇག་གིས་དམར་གསོད་ཆེན་པོ་བྱས་པས་སྐྱི་གཡའ་ཞིང་འཇིགས་སུ་རུང་བའི་གནས་ཚུལ་བྲིས་ཡོད། དེབ་འདི་ཀློག་ནས་མཇུག་ཏུ་ཐོན་རྗེས་ཡིད་སྐྱོ་ཞིང་ཁོང་ཁྲོ་ལངས་པ་ཞིག་ཀྱང་རེད། གཅིག་ན་མཱ་ཇག་གི་སྟེང་ལ་ཁོང་ཁྲོ་ལངས་ཤིང་ནང་བཙོང་བྱེད་མཁན་དག་གི་སྟེང་ལའང་ཁོང་ཁྲོ་ལངས་ཤིང་ཡིད་ཀྱང་སྐྱོའོ།།


གུ་དྲག་ཚེ་རིང་། 

    དངོས་མིང་ལ་གུ་དྲག་ཚེ་རིང་ཟེར་ཞིང་པིར་མིང་དུ་ལྗང་སྨྱུག་ཅེས་འབོད། རྔ་བ་ཁུལ་ཁྱུང་མཆུ་རྫོང་གསེར་དེའུ་ཡུལ་ཚོ་ནས་འཚར་ལོངས་བྱུང་བའི་འབྲོག་ཕྲུག་རྣལ་མ་ཞིག་ཡིན་ལ། མཐོ་འབྲིང་གི་སྐས་ཐེམ་འཛེགས་རྗེས་སློབ་གླིང་འགྲིམ་པའི་བསྐལ་བར་བྲལ་ཏེ་ཕྱུགས་ལས་ཀྱི་ལས་སུ་ཞུགས། ཆུང་ནས་རྩོམ་ཡིག་འབྲི་བར་དགའ་ཞིང་སྙན་ངག་དང་བརྩམས་སྒྲུང་ཀློག་པར་ཡང་སྤྲོ་བོ་ཡོད། ཁོ་ལ་ཕུགས་འདུན་ཞིག་ཡོད་པ་ནི་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ནས་ལུས་སེམས་ལྷོད་དུ་ཕབ་སྟེ་རང་གི་མོས་པ་ལྟར་དཔེ་ཀློག་བྱས་ནས་མི་ཚེ་སྐྱེལ་རྒྱུ་དེ་ཡིན།  སྔ་གཞུག་ཏུ་སྒེར་ངོས་ནས《ཟླ་འོད་འོག་གི་ང་རང》ཞེས་པའི་ཚགས་པར་འདོན་ཐེངས་གསུམ་ཕུད་ཅིང་། སྒེར་དེབ《ངའི་དྲན་པའི་ན་རོ》ཞེས་པ་ཞིག་ཀྱང་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བཀྲམ་ཟིན། དེ་མིན《སྤང་ལྗོངས》དང《ཕ་ཡུལ》《ཤྭ་སྐྱ》《མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ》《ལྗོན་དབང》ཞེས་པའི་དུས་དེབ་སོགས་སུ་རྩོམ་ཡིག་དུ་མ་ཞིག་སྤེལ་ཞིང་།《རྔ་བའི་ཚགས་པར》དང《སྒེའུ་ཁུང་ཆུང་ཆུང》ཞེས་པའི་ཚགས་པར། 《རྩོམ་རིག་སྒྱུ་རྩལ》ཞེས་པའི་ཚགས་པར《གཞིས་ཀ་རྩེའི་ཉིན་རེ》འི་ཚགས་པར།《མཚོ་སྔོན་བོད་ཡིག་གསར་འགྱུར》ཞེས་པ་སོགས་སུའང་སྔ་གཞུག་ཏུ་རྩོམ་ཡིག་བཅུ་ཡས་མས་ཤིག་སྤེལ་བ་ཡིན། 2024ལོའི་ལོ་སྨད་དུ《སྤང་ལྗོངས》ཞེས་པའི་རྔ་བ་ཁུལ་གྱི་དུས་དེབ་ལས་ལོ་མཇུག་ཕྱོགས་སྡོམ་ཁྲོད་རྩོམ་པ་པོའི་གསར་པ་ཞེས་པའི་མཚན་སྙན་ཐོབ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:《དཔལ་འབྱོར་རིག་པ་དང་ལས་གཏོད་མཛུབ་ཁྲིད》བཀླགས་ཚོར། ཡར་འཕེལ།༼རྔ་བ།༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།