2025-05-13
དཔེ་ཀློག་ནི་ཉི་འོད་དྲོན་པོ་ཞིག་དང་འདྲ་བས། ཁྱེད་ཀྱིས་དཔེ་ཀློག་གི་ཉི་འོད་དྲོན་པོ་འདི་ལོངས་སུ་སྤྱད་ཤེས་ན་ད་གཟོད་ཁྱེད་ཀྱི་མི་ཚེའི་འདུན་མ་ལ་འོད་སྟོང་གི་དྲོད་ཁོལ་འཛོམས་ཤིང་ཕུགས་བསམ་འཚོལ་སྙེག་གི་མདུན་ལམ་ཡངས་པོ་རུ་རིན་བྲལ་གྱི་ཟེར་མདངས་འཕྲོ་སྲིད། དེ་བས་དཔེ་ཀློག་ནི་ཕུགས་བསམ་དང་ལྡན་པའི་མི་ཞིག་ཡིན་ནས་བཟུང་ཁ་འབྲལ་ཐབས་མེད་པའི་གནད་ཀྱི་དམ་པ་དེ་ཅི་ལ་མིན། སྐུ་ཚེ་ཐོས་བསམ་གྱིས་བསྐྱལ་བའི་སྔོན་བྱོན་མེས་པོ་གོང་མ་ཚོ་དང་འཛམ་གླིང་ཡུལ་གྲུ་ཁག་གི་སྐྱེས་ཆེན་སོགས། སུ་དང་གང་ཞིག་ཡིན་རུང་དཔེ་ཀློག་ཐོས་བསམ་གྱི་མདུན་ལམ་བརྒྱུད་ནས་ཤེས་རབ་འོད་ཀྱིས་ཐུགས་རྒྱུད་གསལ་སོང་བ་ཡིན་པས། དཔེ་ཀློག་གིས་མི་ཞིག་གི་རྒྱུད་ཀྱི་ཤེས་རབ་རྒྱ་སྐྱེད་ཐུབ་ལ། བླ་ན་མེད་པའི་མི་ཚེའི་རིན་ཐང་ཡང་རྙེད་སྲིད། ད་ལོའི་འཛམ་གླིང་དཔེ་ཀློག་གི་ཉིན་མོ་ནས་འགོ་བརྩམས་ཏེ་ངེད་ཁམས་ཀྱི་ཚགས་པར་ཁང་གི་འཕྲིན་སྟེགས་འདི་ག་ནས་གཟའ་འཁོར་རེ་རེར་རྩོམ་རིག་སྒྱུ་རྩལ་གྱི་ལམ་ཁ་ལ་ཕྱོགས་བཞིན་པའི་རྩོམ་པ་པོ་དག་གི་རང་ཉིད་ཀྱིས་དཔེ་ཆ་གང་ཞིག་བཀླགས་པའི་མྱོང་ཚོར་དག་མུ་འགོད་བྱེད་བཞིན་ཡོད་ལ། འདིས་ཕ་སྐད་མ་ཡིག་གི་གསར་རྩོམ་ལ་འཇུག་བཞིན་པའི་རྩོམ་པ་པོ་དཔུང་སྡེ་གསར་པ་གསོ་སྐྱོང་ལ་རམ་འདེགས་ཤིག་ཨེ་འཁྱོང་གི་འདུན་པ་དང་ལྡན་པའོ།། ༼རྩོམ་སྒྲིག་པས་ཕུལ།༽ ལྷུག་རྩོམ་བསྡུས་དེབ《ཡལ་བའི་གཏམ་རྒྱུད》ཀྱི་བཀླགས་བྱང་། ཆོས་དབྱིངས་རྒྱ་མཚོ།(དཀར་མཛེས།) རྩོམ་པ་པོ། གཡང་མཚོ། ཡིག་རིགས། རྒྱ་ཡིག ཤོག་ངོས། 262བྱོན། རིགས་དབྱེ། ལྷུག་རྩོམ། 2024ལོའི་ཟླ11པར་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ནང་དོན་གནད་བསྡུས། དཔེ་དེབ་འདི་ནི2024ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་སྐར་མའི་དཔེ་ཚོགས་སུ་བདམས་པའི་ལྷུག་རྩོམ་ཕྱོགས་བསྡུས་ཀྱི་དེབ་ཅིག་སྟེ། དེབ་འདིར་རྩོམ་པ་པོ་གྲགས་ཅན་ཚེ་རིང་ནོར་བུ་ལགས་ཀྱིས་བྲིས་པའི་འགོ་བརྗོད《ཁེར་རྐྱང་དང་ན་ཟུག་གི་སྐད་ཆ》ཞེས་པ་དང་།《ཁོ་རང་འོད་དུ་བསྟིམས་སོང》དང《རྩྭ་ཕྲན་གྱིས་ལུག་ཁྱུ་ཞིག་ལོག་ལམ་དུ་ཁྲིད》《ས་སྲོས་སུ་ལྟུང་བའི་བྱེའུ་རྒན》《ལུས་པོའི་ནང་དུ་གྲགས་པའི་རྡིབ་སྒྲ》བཅས་ས་བཅད་བཞིར་ལྷུག་རྩོམ་སོ་གཅིག་བསྡུས་འདུག། རྩོམ་པ་པོས་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས(魔幻现实主义)ཀྱི་འབྲི་ཐབས་སྤྱད་དེ། རྩོམ་པ་པོ་རང་ཉིད་ཀྱི་ཕ་ཡུལ་དངོས་སམ་ཡང་ན་རྩོམ་རིག་གི་ཕ་ཡུལ་སྟེ་ཨོ་གྲོང་སྡེའི་ཡལ་ཟིན་པ་དང་ཡལ་བཞིན་པ། ཡལ་བར་འགྱུར་བའི་གཏམ་རྒྱུད་དག་རྩོམ་པའི་ཁོངས་སྣེར་དྲངས་ཤིང་དེ་དག་སྒྱུ་འཕྲུལ་གྱི་ལམ་ནས་མཚོན་པར་བྱས་ཏེ། ཀློག་པ་པོར་རྩོམ་རིག་མྱོང་རོལ་གྱི་སྡེར་ཁ་གཟབ་རྒྱས་ལྡན་པ་ཞིག་བཤམས་འདུག། དེབ་འདི་དང་སྔོན་གྱི《ཨོ་གྲོང་སྡེ》དང《བསིལ་རླུང་ལྡང་བའི་ཨོ་གྲོང་སྡེ》བཅས་ཀྱིས་རྩོམ་པ་པོ་གཡང་མཚོའི་ཨོ་གྲོང་སྡེའི་མཐུན་པ་སྤུན་གསུམ(凹村三部曲)གྲུབ་པར་བྱས་འདུག་པར་འདོད། བཀླགས་བྱང་ཉུང་བསྡུས། རྩོམ་པ་པོ་གཡང་མཚོ་ངེད་གཉིས་ངོ་ཤེས་ནས་ཕལ་ཆེར་བགྲང་བྱ་བཅུ་ལ་ཉེ་བ་ཙམ་འགོར་སོང་མོད། ཁོང་གི་བརྩམས་ཆོས་རྣམས་ཞིབ་ཀྱིས་བཀླགས་པ་ནི་ད་ཐེངས་ཙམ་ཡིན། འོན་ཀྱང་། ཁོང་ནི་ཏན་ཏན་བརྩམས་ཆོས་འབོར་ཆེན་བདོག་ཅིང་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་རྟ་མཆོག་བྱ་དགའ་སོགས་རྩོམ་རིག་གི་གཟིགས་བཟོས་བྱ་དགའ་མང་པོ་ལེན་མྱོང་བའི་ཁམས་ཕྱོགས་ཀྱི་བུད་མེད་རྩོམ་པ་པོ་སྐད་གྲགས་ཆོད་པ་ཞིག་ཡིན་ཨང་། ལྷུག་རྩོམ་དེབ《ཡལ་བའི་གཏམ་རྒྱུད》ཀློག་པའི་གོ་རིམ་ཁྲོད། ང་ལ་ཐོབ་པའི་བག་ཆགས་ཆེ་ཤོས་སམ་མྱོང་ཚོར་ཟབ་ཤོས་ནི། མ་གཞི་ལྷུག་རྩོམ་ཞེས་པ་འདི་ལྟར་བྲིས་ནའང་ཆོག་འདུག་ཨང་སྙམ་པའི་མཚར་སྣང་ཆེན་པོ་ཞིག་སྐྱེས་པ་དེ་རེད། རྩོམ་པ་པོས་ཨོ་གྲོང་སྡེ་དང་འབྲེལ་བའི་གཏམ་རྒྱུད་རེ་རེ་གནའ་གཏམ་བཤད་པའམ་ཡང་ན་སྤྱི་འགྲོས་ཀྱི་ལྷུག་རྩོམ་འབྲི་ཐབས་ཤིག་གིས་བྲིས་པ་མིན་པར། གཏམ་རྒྱུད་རེ་རེ་ལ་སྒྱུ་འཕྲུལ་གྱི་གཤོག་ཟུང་སྤྲད་དེ་སྒྱུ་རྩལ་གྱི་བར་སྣང་མཐོན་པོར་བཏེགས་འདུག་པ་དང་། དེ་དང་མཉམ་དུ་རྩོམ་རིག་གི་བདེན་པའི་ཆའང་བོར་སྟོར་བྱུང་མེད་པར་བརྩམས་ཆོས་རེ་རེའི་ནང་གི་མི་སྣའི་སྣང་བརྙན་དང་སྐད་ཆ། སེམས་ཁམས་སོགས་ནི་འཚོ་བ་དང་དངོས་ཡོད་ལ་ཁ་མ་བྲལ་བའམ་བདེན་ཁ་སྟེར་ཐུབ་པ་ཞིག་ཏུ་བསྐྲུན་ཡོད། འདི་ལྟ་བུའི་ལྷུག་རྩོམ་འབྲི་ཐབས་ཀྱིས་བོད་ཙམ་དུ་མ་ཟད་རྒྱལ་ནང་དུའང་རྩོམ་རིག་གི་གོ་ས་ཆེན་པོ་བཟུང་ཡོད་པར་རྩོམ་པ་པོ་ཚེ་རིང་ནོར་བུ་སོགས་ཀྱིས་ཀྱང་འདོད། 《ཡལ་བའི་གཏམ་རྒྱུད》ནང་གི་ལྷུག་རྩོམ་མང་པོ་ཞིག་ལ་སྒྲུང་ཐུང་གི་ཁྱད་ཆོས་ཀྱང་འདུག་སྟེ། ཁྱད་པར་དུ《ལུས་པོའི་ནང་དུ་གྲགས་པའི་རྡིབ་སྒྲ》ཞེས་པའི་ས་བཅད་དུ་བཀོད་པའི་ལྷུག་རྩོམ་རྣམས་བཀླགས་ཡོང་དུས། དེ་ལས་ཀྱང་སྒྲུང་ཐུང་གི་ཁྱད་ཆོས་མངོན་པར་གསལ་ཡོང་བར་འདུག། ལྷུག་རྩོམ་འདི་དག་བཀླགས་ན་ལྷུག་རྩོམ་འགའ་རེ་ནི་སྒྲུང་ཐུང་ལྟར་བྲིས་ན་འགྲིག་མོད། སྒྲུང་ཐུང་ནི་ལྷུག་རྩོམ་ཁོ་ན་ལྟར་བྲིས་ན་མི་ཆོག་པའི་ངེས་ཤེས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་འདྲོངས་སོང་།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10