ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་མཇལ་འཛོམས་གནང་བ།

        2025-09-08

ཟླ9ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་མཇལ་འཛོམས་གནང་བ།


   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ9ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུཌ་མཁན་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་མཇལ་འཛོམས་གནང་བ་རེད།


    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་གྱིས་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཡག་པོ་སྐྱོད་པ་དང་། ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་ཡག་པོ་འཚོག་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཕྱོགས་གཉིས་པོས་བློ་མཐུན་ཡིན་ལ་སྤུན་ཟླའང་ཡིན་པའི་སྙིང་སྟོབས་གཞིར་བཟུང་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་ཟབ་ཏུ་བཏང་སྟེ། ཕྱི་འབྲེལ་བཙུགས་ནས་ལོ་ངོ75འཁོར་བ་དང་། “ཀྲུང་ཝེའི་མི་ཆོས་རིག་གནས་སྤེལ་རེས་ལོའི”བྱེད་སྒོ་རབ་དང་རིམ་པ་ཡག་པོ་གཉེར་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁེ་ཕན་དངོས་སྐྲུན་དགོས། ཕྱོགས་རྐྱང་རིང་ལུགས་དང་ནགས་ཚལ་ངེས་སྲོལ་ཕྱིར་ལོག་བྱེད་པའི་མདུན་དུ་འོས་མེད་འགྲིག་ཐབས་དང་ཟུར་བཤོལ་བྱས་ན་ཐར་ས་མེད་པ་དང་། མཉམ་འབྲེལ་གྱིས་རང་སྟོབས་ཡོང་བར་བྱས་ན་གཞི་ནས་རེ་བ་ཡོད་པ་རྒྱལ་ཁབ་དེ་བས་མང་བས་ངོས་འཛིན་ཐུབ་ཡོད། ངས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་འདོན་དོན་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་བསྲུངས་ནས་འཛམ་གླིང་ལ་དྲང་ནུས་དེ་བས་མང་བ་མཁོ་འདོན་བྱེད་འདོད་ཡོད།

    ལེང་ཆང་གིས་ཀྲུང་གོས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བའི་དྲན་གསོའི་བྱེད་སྒོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། ཁོང་གིས། བྱེད་སྒོ་གལ་ཆེན་འདི་གཉིས་ལས་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་མངོན་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་མུ་མཐུད་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཚད་མངོན་འགྱུར་ཐུབ་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་ནུས་པ་དེ་བས་ཆེ་བ་འདོན་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད། ཝེ་ཀྲུང་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་བ་དང་། མཐོ་རིམ་དབར་འབྲེལ་གཏུག་དམ་ཟབ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རྒྱས་བདེ་བླག་བྱུང་ཡོད། ཀྲུང་ཝེའི་འབྲེལ་བ་དེ་ཝེ་ཐེ་ནམ་གྱི་ངོས་ནས་བརྗོད་ན་འཐབ་ཇུས་ཀྱི་དོན་སྙིང་ལྡན་པས། དེ་ནི་ཝེ་ཐེ་ནམ་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་སྔོན་ལ་སྒྲུབ་དགོས་ངེས་ཀྱི་དོན་ཆེན་ཞིག་རེད། འགྱུར་ལྡོག་དང་ཟང་ཟིང་མཉམ་གནས་ཀྱི་འཛམ་གླིང་གི་དུས་བབ་མདུན་དུ་ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་མཐའ་གཅིག་ཏུ་གཏོང་གི་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྒྲིལ་དམ་ཟབ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་ནས། དཔལ་འབྱོར་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད། ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། ཕྱོགས་མང་ལས་སྟེགས་སུ་ཕན་ཚུན་གཞོཌ་འདེགས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་བསྲུངས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས།


ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་མཇལ་འཛོམས་གནང་བ།


  • ལེ་ཚན་སྔོན་མ།:འཛམ་གླིང་ལུས་རྩལ་འགྲན་ཚོགས་དེ་རིང་ཁྲེང་ཏུའུ་རུ་འགོ་བརྩམས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་མཇལ་འཛོམས་གནང་བ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10