2025-08-07
2025ལོའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་དེ2025ལོའི་ཟླ8པའི་ཚེས7ཉིན་ནས་ཟླ8པའི་ཚེས17ཉིན་བར་སི་ཁྲོན་ཁྲེང་ཏུའུ་རུ་འཚོག་རྒྱུ་རེད། དེ་ནི་ཀྲུང་གོའི་སྐམ་ས་ཆེན་མོར་འཛམ་གླིང་ལུས་རྩལ་འགྲན་ཚོགས་འཚོག་ཐེངས་དང་པོ་ཡིན་པ་རེད།
ཁྱེད་ཀྱིས་ཁྲེང་ཏུའུ་སློབ་གྲྭ་ཆེན་མོའི་ལུས་རྩལ་འགྲན་ཚོགས་དང་ཧང་ཀྲོའུ་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སོགས་གོ་མྱོང་ཡོད་སྲིད། འོ་ན་འཛམ་གླིང་ལུས་རྩལ་འགྲན་ཚོགས་ནི་འགྲན་ཚོགས་ཅི་ལྟ་བུ་ཞིག་ཡིན་ནམ་ཞེ་ན། དུས་རབས20པའི་ལོ་རབས70པའི་དུས་དཀྱིལ་དུ། ཨོ་རྩལ་འགྲན་ཚོགས་ཀྱི་དངོས་གཞིའི་འགྲན་སྡུར་རྣམ་གྲངས་སུ་ཆོག་མཆན་འགོད་པའི་གོ་སྐབས་ཧ་ཅང་དཀོན་སྟབས། ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་སུ་དང་ལེན་བྱ་རྒྱུར་སྒུག་པའི་རྒྱལ་སྤྱིའི་རྣམ་གྲངས་རྐྱང་པའི་ལུས་རྩལ་སྒྲིག་འཛུགས་ལ་འཛམ་གླིང་ལུས་རྩལ་འགྲན་ཚོགས་གཉེར་རྒྱུའི་བསམ་ཚུལ་སྐྱེས་ཤིང་། དེས་ལུས་རྩལ་པ་རྣམས་ལ་སྔར་ལས་ཆེ་བའི་གར་སྟེགས་སྟེང་ནས་ཁོ་ཚོའི་རྩལ་ནུས་ཆུ་ཚད་ངོམས་པའི་གོ་སྐབས་ཐོབ་པར་མ་ཟད། དེར་དོ་ཁུར་བྱེད་མཁན་ཡང་མང་དུ་ཕྱིན་ཡོད།
མིག་སྔར། འཛམ་གླིང་ལུས་རྩལ་འགྲན་ཚོགས་དེ་ཉིད་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་མ་ཡིན་པའི་ཆུ་ཚད་མཐོ་ཤོས་ཀྱི་རྒྱལ་སྤྱིའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཏུ་གྱུར་ཡོད་ཅིང་། ད་ལྟའི་བར་དུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས11གཉེར་ཟིན་ཡོད། འཛམ་གླིང་ལུས་རྩལ་འགྲན་ཚོགས་དང་ཨོ་རྩལ་འགྲན་ཚོགས་ལ་མི་འདྲ་ས་ཅི་ཞིག་ཡོད་ཅེ་ན། འགྲན་སྡུར་གྱི་འཁོར་ཡུན་ནས་བལྟས་ན། འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱང་ལོ་བཞི་ལ་སྐབས་རེ་གཉེར་བཞིན་ཡོད་པ་དང་། ཨོ་རྩལ་འགྲན་ཚོགས་གཉེར་བའི་ལོ་གཅིག་གི་རྗེས་སུ་གཉེར་བཞིན་ཡོད།
རྣམ་གྲངས་ཀྱི་ཐོག་ནས་བལྟས་ན། འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ནི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་མིན་པ་དག་གཙོ་བོ་ཡིན་པས། ཨོ་རྩལ་འགྲན་ཚོགས་དང་ཕན་ཚུན་ཁ་གསབ་ཏུ་གྲུབ་ཡོད། སྐབས་འདིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ལུས་རྩལ་པ321མངགས་ཡོད་པ་དང་། ཆ་སྙོམས་ལོ་ཚོད་ནི་ལོ23.8ཡིན། ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ནི1981ལོར་རང་རྒྱལ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ནང་ཞུགས་ཚུན་འགྲན་ཞུགས་རྣམ་གྲངས་མང་ཤོས་དང་གཞི་ཁྱོན་ཆེ་ཤོས་དེ་ཡིན། འཚོག་ཉེར་ཡོད་པའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཐོག་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ100ལྷག་ཙམ་ནས་ཡོང་བའི་ལུས་རྩལ་པ5000ལྷག་གིས་རྣམ་གྲངས་ཆེ་གྲས34དང་རྣམ་གྲངས་ཆུང་གྲས250ལྷག་ཙམ་གྱི་འགྲན་སྡུར་བྱ་རྒྱུ་རེད།
ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10