ཐང་རྒྱལ་རབས་ཀྱི་ལོ་རྒྱུས་མདོར་བསྡུས།

        2025-08-07

ཐང་རྒྱལ་རབས། རྒྱལ་རབས་འདིར་སྔ་རྗེས་སུ་གོང་མ་མི་རབས་ཉི་ཤུ་རྩ་བཞི་བྱུང་ཞིང(རུས་མིང་ནི་ལི་ཡིན།) ༡.ཐང་ཀའོ་ཙུའུ་ལི་ཡུའན། ༢.ཐང་ཐའི་ཙུང་ལི་ཧྲེ་མིང། ༣.ཐང་ཀའོ་ཙུང་ལི་ཀྲི། ༤.ཐང་ཀྲུང་ཙུང་ལི་ཤིའན། ༥.ཐང་གུད་ཙུང་ལི་ཏན། ༦.རྒྱལ་མོ་འུ་ཙེ་ཐན། ༧.ཐང་ཀྲུང་ཙུང་ལི་ཤིའན། ༨.ཐང་ཧྲའོ་རྟི་ཁྲུང་མའོ། ༩.ཐང་ཧུད་ཙུང་ལི་ཏན། ༡༠.ཐང་ཞོན་ཙུང་ལི་ལུང་ཅིས། ༡༡.ཐང་སུད་ཙུང་ལི་ཧིང། ༡༢.ཐང་ཏའི་ཙུང་ལི་ཤང་། ༡༣.ཐང་ཏེ་ཙུང་ལི་ལི་ཁུའོ། ༡༤.ཐང་ཧྲུང་ཙུང་ལི་སོང་། ༡༥.ཐང་ཤན་ཙུང་ལི་ཁྲུན། ༡༦.ཐང་མུའུ་ཙུང་ལི་ཧེང་། ༡༧.ཐང་ཅིང་ཙུང་ལི་ཀྲེན། ༡༨.ཐང་ཝེན་ཙུང་ལི་ཨང། ༡༩.ཐང་ཨུ་ཙུང་ལི་ཁྲེན། ༢༠.ཐང་ཞོན་ཙུང་ལི་ཁྲེན། ༢༡.ཐང་དབྱི་ཙུང་ལི་ཧོའི། ༢༢.ཐང་ཤིས་ཙུང་ལི་ཡའན། ༢༣.ཐང་ཀྲའོ་ཙུང་ལི་གཡི། ༢༤.ཐང་ཨེད་རྡིས་ལི་ཙོ་བཅས་ཀྱིས་སྤྱི་ལོ༦༡༨ནས༩༠༧བར་ལོ་ངོ་ཉིས་བརྒྱ་དགུ་བཅུ་བར་སྲིད་དབང་བཟུང་། ཐང་རྒྱལ་རབས་ནི་རང་རྒྱལ་གྱི་ལོ་རྒྱུས་ཐོག་དུས་ཡུན་རིང་ཤོས་ཀྱི་རྒྱལ་རབས་ཤིག་ཡིན་པར་མ་ཟད། སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་བཅས་ཧ་ཅང་འཕེལ་རྒྱས་ཆེན་པོ་བྱུང་བ་དང་དུས་མཚུངས་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ཁག་དང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་དང་ཕན་ཚུན་བར་མཛའ་གྲོགས་འགྲོ་འོང་གི་འབྲེལ་བ་དམ་ཟབ་བྱུང་བའི་དུས་སྐབས་ཤིག་ཀྱང་ཡིན། ལྷག་པར་དུ་ཐང་རྒྱལ་རབས་འགོ་ཚུགས་པ་དང་དུས་མཚུངས་སུ། བོད་ས་གནས་སུ་ཡང་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་ཚོ་པ་ཁག་གཅིག་གྱུར་བྱས་པའི་མི་རིགས་ཀྱི་སྲིད་དབང་ཐེངས་དང་པོར་བཙུགས་པ་ནས་བཟུང་རྒྱ་བོད་མི་རིགས་བར་གྱི་དཔལ་འབྱོར་དང་རིགས་གནས་བརྗེ་རེས་ཀྱི་འབྲེལ་བ་གོང་འཕེལ་བྱུང་བའི་དུས་སྐབས་གསར་པ་ཞིག་གི་འགོ་ཚུགས་པ་དང་། ཐང་བོད་དབར་ས་མཚམས་ཐོག་དམག་འཁྲུག་ཐེངས་མང་བྱུང་ཡང་དེས་ཐང་བོད་བར་གྱི་མཛའ་གྲོགས་འབྲེལ་བར་གནོད་སྐྱོན་ཆེན་པོ་གང་ཡང་བྱུང་མེད་པ་དང་། ཐང་རྒྱལ་རབས་ཉམས་རྒུད་དུ་སོང་བ་དང་དུས་མཚུངས་བོད་ས་གནས་ཀྱི་སྲིད་དབང་སྟོབས་ཤུགས་ཀྱང་འཐོར་ཞིག་དུ་སོང་བ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ལོ་རྒྱུས་ཁག་ཏུ་གསལ་བ་ལྟར་ཡིན། ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཀྲུང་དབྱང་སྲིད་གཞུང་དང་ས་གནས་ཁག་གི་དཔོན་རིགས་བར་དང་། དཔོན་རིགས་ཚོགས་པ་ཁག་དང་། བློན་པོ་ཕྱོགས་ཁག་ཕན་ཚུན་དབར་སྲིད་དབང་འཕྲོག་རེས་ཀྱི་འཐབ་རྩོད་ཛ་དྲག་ཆེ་བ་བྱུང་སྟེ། ཐང་ཀྲུང་དབྱང་སྲིད་གཞུང་གིས་བཀོད་འདོམས་བྱེད་པའི་ས་ཁུལ་ཉིན་རེ་ལས་ཉིན་རེ་ཆུང་དུ་སོང་ཞིང་རྒྱ་ཆེའི་མི་དམངས་མང་ཚོགས་ས་བོགས་དང་ཁྲལ་གྱི་ཁུར་པོ་སྔར་ལས་ལྷག་པར་ལྕི་རུ་སོང་སྟེ་འཚོ་བ་འཁྱོལ་ཐབས་བྲལ་བའི་དབང་གིས་སྤྱི་ལོ༨༥༩ལོ་ཀྲེ་ཅང་ཞིང་ཆེན་གྱི་ཤར་རྒྱུད་ནས་བཟུང་ཆིའུ་ཧྥུས་འགོ་ཁྲིད་བྱས་པའི་ཞིང་པའི་གྱེན་ལངས་བྱུང་འགོ་ཚུགས་ཏེ་དེ་ནས་བཟུང་ས་གནས་ཁག་ནས་གྱེན་ལངས་རྒྱུན་མི་ཆད་པར་བྱུང་ཞིང་། ལྷག་པར་དུ་སྤྱི་ལོ༨༧༤ལོར་རྨ་ཆུ་འབབ་ཡུལ་གྱི་ས་ཁུལ་ནས་ཧོང་ཁྲའོ་ཟེར་བས་འགོ་ཁྲིད་བྱས་པའི་ཞིང་པའི་གྱེན་ལངས་ཀྱིས་སྔ་རྗེས་ལོ་བཅུའི་རིང་འཐབ་རྩོད་བྱས་པ་མ་ཟད། འཐབ་རྩོད་ཀྱི་གཞི་རྒྱ་ཆེ་བ་དེས་ཐང་རྒྱལ་རབས་ཀྱི་དབང་བསྒྱུར་སྟོབས་ཤུགས་ལ་རྩ་མེད་རང་བཞིན་ལྡན་པའི་རྡུང་རྡེག་བཏང་ཞིང་དེ་ནས་ལོ་ཉི་ཤུ་ལྷག་ཙམ་སོང་མཐར་ཐང་རྒྱལ་རབས་རྩ་བ་ནས་འཇིག་པར་གྱུར་པ་ཡིན། 


 ཡོང་ཁུངས། དུང་དཀར་ཚིག་མཛོད་ཆེན་མོ། 

 རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཇིང་གིར་རྒྱལ་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10